ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡུཀ་རེན་གྱི་བུད་མེད་བཙན་གཡེམ་ཕོག་པ་ཁག་ཅིག་མངལ་སྦྲུམ།


༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷུ་ཆ་ས་ཁུལ་བཙན་བཟུང་བྱས་པའི་རྗེས་སུ་བུ་མོ་ལོ་༡༤་ཅན་ཞིག་ཚུད་པའི་བུད་མེད་༢༥་ལ་ཉི་མ་མང་པོར་བཙན་གཡེམ་བྱས་ནས་བུད་མེད་ཁག་ཅིག་ལ་མངལ་སྦྲུམ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༣་ཉིན་ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཌེ་ནི་སོ་ཝས་དབྱིན་ཇིའི་བྷི་བྷི་སི་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་དམག་གིས་བཙན་གཡེམ་བྱ་ཡུལ་བུད་མེད་དེ་རྣམས་ལོ་༡༤་ནས་༢༤་བར་དུ་རེད། ཁོ་ཚོ་བྷུ་ཆ་ས་གནས་ཀྱི་ཁང་པ་ཞིག་གི་འོག་ཞོལ་དུ་སྐུང་ཡོད་པའི་སྐབས་དེར་ཨུ་རུ་སུའི་དམག་མིའི་ལག་ཏུ་ཐེབས་འདུག ཨུ་རུ་སུའི་དམག་མི་ཁག་ཅིག་གིས་བུད་མེད་དེ་དག་ལ་ཁྱོད་ཚོར་བཙན་གཡེམ་བྱས་ནས་སྐྱུག་མེར་ལང་དགོས་པ་ཞིག་དང་མ་འོངས་པར་སྐྱེས་པ་ཚོར་ལུས་འབྲེལ་གཏན་ནས་བྱེད་འདོད་མེད་པ་ཞིག་ཏུ་བསྒྱུར་རྒྱུ་ཡིན། ཁྱོད་ཚོར་ཡུཀ་རེན་གྱི་སྐྱེས་པ་ཚོའི་ཕྲུ་གུ་ཆགས་མི་ཐུབ་པ་ཞིག་ལ་བསྒྱུར་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པ་རེད། དམག་མི་ཁག་ཅིག་གིས་ཡུཀ་རེན་གྱི་མི་དམངས་རྣམས་དཔའ་བཅོམ་པར་མི་ཚོགས་ཁྲོད་དུ་བཙན་གཡེམ་བྱས་འདུག བུད་མེད་ལོ་ན་༢༥་ལ་སོན་པ་ཞིག་གིས་ཁོ་མོའི་གཅུང་མོ་ལོ་༡༦་ཅན་དེར་གཅེན་མོའི་མིག་མདུན་དུ་སྲང་ལམ་དཀྱིལ་དེར་བཙན་གཡེམ་བྱས་སོང་། ཁོ་ཚོས་ངའི་གཅུང་མོར་བཙན་གཡེམ་བྱས་པའི་དུས་དེར་ན་ཛིའི་སྨད་འཚོང་མ་ཚོར་འདི་ལྟར་འབྱུང་གི་རེད་ཅེས་གཤེས་ལུགས་ང་ཚོར་སྙན་སེང་ཞུས་སོང་ཞེས་བཤད། ཉེ་ཆར་ཨུ་རུ་སུའི་དམག་མི་ཕྱིར་འཐེན་བྱས་པའི་རྗེས་སུ་ཡུཀ་རེན་གྱི་བྷུ་ཆ་ས་གནས་སུ་མི་བསད་པའི་ཕུང་པོ་རྣམས་རྒྱ་ལམ་ནང་དུ་བཀྲམ། ད་ལྟ་བྷུ་ཆ་ས་གནས་དེར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བུད་མེད་ཚོར་བཙན་གཡེམ་དང་བུད་མེད་ཁག་ཅིག་བཙན་གཡེམ་བྱས་པའི་རྗེས་སུ་མགོ་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པའི་ཕུང་པོ་རྣམས་རྙེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ཌེ་ནི་སོ་ཝས་ཡུཀ་རེན་གྱི་བུད་མེད་མང་དག་ཅིག་ལ་བཙན་གཡེམ་ཕོག་ཀྱང་ངོ་ཚའི་དབང་གིས་ཕྱི་ལ་བཤད་ཀྱི་མི་འདུག དེར་བརྟེན་ཨུ་རུ་སུའི་དམག་མིས་ཡུཀ་རེན་གྱི་བུད་མེད་ཅི་ཙམ་ལ་བཙན་གཡེམ་བྱས་ཡོད་མེད་གྲངས་ཐོ་ཆ་ཚང་ཞིག་འགོད་ཐུབ་རྒྱུ་ཁག་པོ་རེད། ཁོ་ཚོ་མང་ཆེ་བར་སེམས་ཁམས་བདེ་ཐང་མེད་པར་སྨན་བཅོས་བྱེད་ཀྱི་ཡོད། བུད་མེད་དེ་ཚོར་ཅི་ཞིག་བྱུང་བ་རྣམས་འཕྲལ་དུ་སྐད་ཆ་འདྲི་རྒྱུ་སྟབས་བདེ་པོ་མ་རེད་ཅེས་བཤད། ཡུཀ་རེན་གྱི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་དམག་མི་ཞིག་གིས་ཆུང་མར་ཁ་པར་བཏང་ནས་ཁ་བརྡ་བྱེད་ཀྱི་ཡོད་པ་སྒྲ་འབེབས་ཐུབ་འདུག སྒྲ་འབེབས་ནང་དུ་ཆུང་མ་དེས་རང་གི་ཁྱོ་གར་ཁྱོད་ཚོས་ཡུཀ་རེན་གྱི་བུད་མེད་ཚོར་བཙན་གཡེམ་བྱེད་ཀྱི་ཡོད་དམ། བཙན་གཡེམ་བྱེད་ཀྱི་ཡོད་ངེས་རེད། ང་ལ་ཅང་བཤད་མི་དགོས། ངས་ཅི་ཡང་མ་ཤེས་ན་ལེགས། འགྱིག་ཤུབས་ཁོན། སོ་སོར་ན་ཚ་འགོ་རུ་མ་འཇུག་ཅེས་བཙན་གཡེམ་བྱེད་ཆོག་པའི་བཀའ་འཁྲོལ་སྤྲད། ཁྱོ་ག་དེས་ངས་ཁྱོད་ལ་ཅི་ཡང་མ་བཤད་ན་བཙན་གཡེམ་བྱེད་ཆོག་གི་ཡོད་པ་མ་རེད་དམ་ཞེས་བསྐྱར་དུ་དོགས་གཅོད་ཞུས། ཆུང་མ་དེ་དགོད་ཞོར་དུ་རེད། ཆོག་གི་རེད། ཆོག་མཆན་སྤྲད་པ་ཡིན་ཞེས་ལན་བཏབ་པ་རྣམས་སྒྲ་འབེབས་བྱས་ཤིང་། ལོ་ན་༨༣་ལ་སོན་པའི་ཡུཀ་རེན་གྱི་རྒན་མོ་དགེ་རྒན་ཟུར་པ་ཝེ་ར་ཞེས་པ་ཞིག་ལའང་ཨུ་རུ་སུའི་དམག་མིག་ཞིག་གིས་བཙན་གཡེམ་བྱས་འདུག རྒན་མོ་དེས་ང་ཁྱོད་ཀྱི་ཨ་མ་ལས་ཀྱང་ལོ་རྒན་པ་ཡིན་སྲིད། གལ་སྲིད་ཁྱོད་ཀྱི་ཨ་མར་གཞན་གྱིས་བཙན་གཡེམ་བྱེད་ན་ཁྱོད་ཀྱིས་བྱེད་དུ་འཇུག་རྒྱུ་ཡིན་ནམ་ཞེས་དྲིས་པ་ཡིན། ཁོ་པས་ང་ལ་ཁ་ཚུམས་ཞེས་བཙན་གཡེམ་བྱས་བྱུང་། དེ་ནས་ཁོ་པས་ཝོ་ཌི་ཁ་ཨ་རག་འཐུངས་ནས་ངའི་ཁྱོ་ག་དབང་པོ་སྐྱོན་ཅན་དེར་རྡུང་རྡེག་བཏང་སོང་། ང་ནི་དཔྱིད་ཀ་སླེབས་ན་སྤྲོ་སྣང་འཕེལ་བའི་མི་ཞིག་ཡིན། ད་ནས་ང་ལ་སྤྲོ་སྣང་དང་འཚོ་གནས་བྱེད་འདོད་གཏན་ནས་མི་འདུག ང་མགྱོགས་ཙམ་ཤི་ན་ཡག་ཤོས་རེད་ཅེས་ཨ་རིའི་སི་བྷི་ཨེ་སི་གསར་ཁང་གིས་གསར་འགོད་པར་གླེང་མོལ་བྱས་འདུག

ལོ་ན་༥༠་ཐམ་པར་སོན་པའི་བུད་མེད་ཅིག་གིས་ཟླ་བ་སྔོན་མར་ཨུ་རུ་སུའི་དམག་དཔུང་བསླེབས་པའི་སྐབས་དེར་ང་དང་ཁྱོ་ག་གཉིས་ཁྱིམ་དུ་ཡོད། ཨུ་རུ་སུའི་དམག་མི་གཅིག་གིས་ང་ལ་མེ་མདའ་བཙུགས་ནས་འཁྲིས་ཀྱི་ཁང་པའི་ནང་དུ་ཁྲིད་སོང་། དེ་ནས་ང་ལ་གྱོན་གོས་ཕུད། གྱོན་གོས་མ་ཕུད་ན་མེ་མདའ་བརྒྱབ་ནས་གསོད་རྒྱུ་ཡིན། ཁ་ལ་མ་ཉན་ན་གསོད་རྒྱུ་ཡིན་ཞེས་སྡིགས་སྐད་བརྒྱབ་སོང་། ཁོ་པ་ཨུ་རུ་སུའི་དམག་ཁོངས་སུ་ཡོད་པའི་ཆེ་ཆི་ཎི་ཡའི་འཐབ་མོ་བ་ཞིག་རེད། ཁོ་པས་ང་ལ་བཙན་གཡེམ་བྱེད་བཞིན་པའི་སྐབས་སུ་དམག་མི་གཞན་པ་བཞི་ཁང་པའི་ནང་དུ་འཛུལ་བསླེབས་བྱུང་། ངའི་སེམས་སུ་ད་ནི་ང་ཚར་སོང་བསམས་ཀྱང་མི་དེ་ཚོས་བཙན་གཡེམ་བྱེད་མཁན་དེ་ཕར་ཁྲིད་སོང་། ངའི་ཁྱོ་གར་གྲོད་ཁོག་ནང་དུ་མེ་མདའ་བརྒྱབ་ནས་རྨས་འདུག ཁོ་པ་ངའི་གཞུག་ཏུ་བརྒྱུགས་ཡོང་ནས་ང་སྐྱོབ་ཐབས་བྱས་པ་འདྲ། ང་ཚོ་འཕྲལ་དུ་སྨན་ཁང་ལ་བསྐྱོད་མ་ཐུབ་པར་ཁྱོ་ག་རྨས་སྐྱོན་གྱིས་གྲོངས་སོང་། ང་སྐྱོབ་མཁན་ཨུ་རུ་སུའི་དམག་མི་དེ་ཚོ་ཉིན་ཤས་རིང་ང་ཚོའི་ཁྱིམ་དུ་བསྡད་པ་དང་ང་ལ་ཁྱོ་ག་འདས་པོའི་རྒྱུ་དངོས་རྣམས་ཁྱེར་ཤོག་ཅེས་མེ་མདའ་བསྟན་ནས་འཇིགས་སྐུལ་བྱས་བྱུང་། ཁོ་ཚོས་རྟག་ཏུ་ཆང་འཐུངས་ནས་ར་བཟི། དམག་མི་མང་ཆེ་བ་ནི་མི་གསོད་ཁྲག་སྦྱོར་བྱེད་མཁན་དང་རྐུན་འཕྲོག བུད་མེད་ཚོར་བཙན་གཡེམ་བྱེད་མཁན་རྣམས་རེད། ཁོ་ཚོ་སོང་ཤུལ་དུ་ཉལ་ཐ་དང་རོ་ཙའི་སྨན་སོགས་གང་སར་གཡུགས་འདུག ཨུ་རུ་སུའི་དམག་མི་ཉུང་ཤས་ཤིག་སྤྱོད་ངན་མ་རེད་ཅེས་བྷི་བྷི་སི་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག བུད་མེད་དེའི་ཁྱིམ་མཚེས་བུད་མེད་ཨོཀ་ས་ན་ཞེས་པ་ཞིག་ལའང་ཨུ་རུ་སུའི་དམག་གི་བཙན་གཡེམ་ཕོག ཁོ་མོར་བཙན་གཡེམ་བྱེད་མཁན་ཨུ་རུ་སུའི་དམག་མི་དེས་ཁྱིམ་མཚེས་ཀྱི་བུད་མེད་གཞན་པ་ཞིག་ལའང་བཙན་གཡེམ་བྱས་ནས་བསད་སོང་། ཁོ་ཚོས་ང་ལ་བཙན་གཡེམ་བྱས་པའི་རྗེས་སུ་སྐེ་བཅད་ནས་གསོད་པའམ། ཡང་ན་གྲི་བཙུགས་ནས་ཁྲི་བཞུར་དུ་བཅུག་སྟེ་འཆི་རུ་འཇུག་རྒྱུ་ཡིན་ཞེས་སྟིགས་ར་བསྐུལ་ལུགས་རྣམས་བཤད། ཁྱིམ་མཚེས་ཀྱི་བུད་མེད་དེར་བཙན་གཡེམ་བྱས་པའི་རྗེས་སུ་བསད་པའི་ཕུང་པོ་དམར་ཧྲང་དེ་ས་འོག་ཏུ་སྦས་ཡོད་པ་ཡུཀ་རེན་གྱི་ཉེན་རྟོག་པ་ཚོས་རྙེད།།

ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ཉེན་རྟོག་པའི་སྤྱི་ཁྱབ་ནེ་བྷི་ཏོབ་ཀྱིས་བྷི་བྷི་སི་གསར་ཁང་ལ་བཤད་པ་ལྟར་ན། རྒྱལ་ས་ཀིབ་གྲོང་ཁྱེར་ནས་དབྱིན་ལེ་༣༠་ཡས་མས་ཤིག་གི་མཚམས་སུ་ལོ་ན་༣༠་ཡས་མས་སུ་སོན་པའི་ཡུཀ་རེན་གྱི་བཟའ་ཚོ་གཉིས་དང་ཕྲུ་གུ་ཞིག་ཡོད་པའི་ཁྱིམ་ཚང་ཞིག་ཡོད་པ་དེར་ཨུ་རུ་སུའི་དམག་མི་བསླེབས། སྐྱེས་པ་དེས་ཆུང་མ་དང་ཕྲུ་གུ་སྐྱོབ་ཐབས་བྱས་པས་མེ་མདའ་བརྒྱབ་ནས་བསད། དེ་ནས་དམག་མི་དེ་དག་གིས་གཅིག་རྗེས་གཉིས་མཐུད་དུ་བུད་མེད་དེར་བཙན་གཡེམ་བྱས་པ་དང་ཁ་ལ་མ་ཉན་ན་བུ་ཆུང་གསོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། བུད་མེད་དེས་བུ་ཆུང་སྐྱོབ་ཐབས་སུ་བཙན་གཡེམ་བྱེད་དུ་བཅུག་ཀྱང་ཨུ་རུ་སུའི་དམག་མི་དེ་རྣམས་འགྲོ་ཁར་ཁྱིམ་ཚང་གི་སྒོ་ཁྱི་བསད་པ་དང་ཁང་པ་མེར་སྲེག་བཏང་འདུག་ཅེས་བཤད། བུད་མེད་དེས་ང་ལ་བཙན་གཡེམ་བྱེད་མཁན་རྣམས་ཡུཀ་རེན་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་གི་ཁ་བྲལ་རིང་ལུགས་པ་ཚོ་རེད་ཅེས་བཙན་གཡེམ་བྱེད་མཁན་ཚོ་ངོ་ཐག་བཅད། དེ་བཞིན་ཡུཀ་རེན་གྱི་ཁྱིམ་ཚང་ཞིག་གི་སྒོ་ར་བཤིག་ནས་ལྕགས་ཁྲབ་འཁོར་ལོ་ར་དཀྱིལ་དུ་བསླེབས། ཁྱིམ་ཚང་དེའི་སྐྱེས་པས་ཆུང་མ་ཁྲིད་ནས་ལྟག་སྒོ་བརྒྱུད་དེ་བྲོས་པ་དང་ཕྱིས་སུ་ཁྱོ་ཤུག་གཉིས་ཁྱིམ་དུ་ལོག་ཡོང་བའི་སྐབས་དེར་ཁང་པའི་ནང་དུ་གད་སྙིགས་དང་ཤེལ་དམ། དམག་མི་ཚོས་བཀོལ་སྤྱོད་བྱས་ཟིན་པའི་འགྱིག་ཤུབས་སོགས་གང་སར་གཡུགས་འདུག ལྡུམ་རའི་ནང་གི་བསིལ་ཁང་འོག་དེར་བུད་མེད་དམར་ཧྲང་མ་ཞིག་བསད་ཡོད་པའི་ཕུང་པོ་རྙེད། ཡུཀ་རེན་གྱི་ཉེན་རྟོག་པས་ཨུ་རུ་སུའི་དམག་གིས་བུད་མེད་དེར་བཙན་གཡེམ་བྱས་པའི་རྗེས་སུ་མགོ་ལ་མེ་མདའ་བརྒྱབ་ནས་བསད་པ་འདྲ་ཞེས་དབྱིན་ཇིའི་དུས་བབ་ཚགས་པར་གྱི་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཀི་ར་རུ་ཌིཀ་ཞེས་པ་ཞིག་གིས་ང་ཚོའི་ས་ཆ་ཨུ་རུ་སུའི་དམག་གིས་བཙན་བཟུང་བྱས་པའི་སྐབས་དེར་བུད་མེད་ཚོར་གོ་རིམ་ལྡན་པའི་སྒོ་ནས་བཙན་གཡེམ་བྱུང་འདུག ཡུཀ་རེན་མི་དམངས་ཀྱི་གཉའ་གཅོག་ཐབས་དང་ཁྱད་གསོད། ང་ཚོའི་སྐྱེས་པ་ཚོ་རང་གི་ཆུང་མ་དང་བུ་ཕྲུག་ལའང་སྲུང་སྐྱོབ་བྱེད་མི་ཐུབ་པའི་ནུས་མེད་ཅིག་རེད་ཅེས་དམའ་འབེབས་བྱེད་ཐབས་སུ་བུད་མེད་ཚོར་བཙན་གཡེམ་བྱས་ནས་དམག་འཁྲུག་གི་འཐབ་ཇུས་ལག་ལེན་བསྟར་ཡོད་པ་རེད། ཐོག་མར་ང་ཚོས་བུད་མེད་ཚོ་རྩད་གཅོད་བྱས་ནས་བདེ་འཇགས་ཡིན་མིན་དང་སྨན་བཅོས་བྱ་རྒྱུ་གཙིགས་སུ་འཛིན་རྒྱུ་ཡིན། ཨུ་རུ་སུའི་དམག་མིས་བཙན་གཡེམ་བྱས་ནས་བུད་མེད་ཁག་ཅིག་ལ་མངལ་སྦྲུམ་ཡོད་པ་གསལ་པོ་རེད། དེའི་རྗེས་སུ་ང་ཚོས་བཙན་གཡེམ་གྱི་དཔང་རྟགས་རྣམས་ཕྱོགས་སྒྲིག་བྱས་ནས་ཁྲིམས་ལ་གཏུག་འཆར་ཡོད་ཅེས་སི་བྷི་ཨེ་སི་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་བཤེར་བྱ་དགོས། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱེད་དུ་བཅུག་པ་དང་མི་གསོད་ཁྲག་སྦྱོར། བུད་མེད་མང་པོར་བཙན་གཡེམ་བྱེད་དུ་བཅུག་པའི་དམག་འཁྲུག་གི་ནག་ཉེས་བསགས་འདུག་ཅེས་ཁ་མཆུ་འཛུགས་རྒྱུའི་སྟ་གོན་ལ་བྲེལ། རྒྱལ་སྤྱིའི་ཁྲིམས་ལུགས་སུ་དམག་འཁྲུག་གི་སྐབས་དེར་བཙན་གཡེམ་བྱས་པ་ནི་དམག་འཁྲུག་གི་ནག་ཉེས་ཆེན་པོ་ཞིག་ལ་རྩི་ཆོག་ཅིང་། བཙན་གཡེམ་གྱི་ཀུན་སློང་ནི་ཕོ་རོལ་པོའི་རིགས་རྒྱུད་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་ཡིན་པས་མི་རིགས་གཙང་སེལ་གྱི་ནག་ཉེས་སུ་བརྩི་ཆོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG