ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕུ་ཊིན་གྱིས་ཨུ་རུ་སུའི་གསང་བའི་ལས་སྣེ་༡༥༠་བཙོན་འཇུག


༄༅།། ཡུཀ་རེན་གྱི་དམག་འཁྲུག་ལ་ཇུས་ཉེས་ཆེན་པོ་བྱུང་སྟེ་ཕུ་ཊིན་གྱིས་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་དམག་སྤྱི་སར་གྷེ་བྷེ་སེ་ཌ་ཚུད་པའི་ལས་བྱེད་པ་༡༥༠་ཐམ་པ་གནས་དབྱུང་བཏང་སྟེ་བཙོན་དུ་བཅུག ཡུཀ་རེན་གྱི་དམག་འཁྲུག་སྔོན་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་གི་འཆར་གཞི་རྣམས་ལག་སོན་བྱུང་བའི་རྗེས་སུ་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་བྷེ་སེ་ཌར་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་འཁྱར་དུ་བཅུག་པའི་ནག་ཉེས་བཙུགས། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཆེན་པོ་བྱུང་བའི་ལན་ཁག་དེ་གཞན་ལ་དཀྲི་ས་ཞིག་འཚོལ་གྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་དམག་སྤྱིའི་སར་གྷེ་བྷེ་སེ་ཌ་ཉིན་ཤས་རིང་རང་ཁྱིམ་དུ་བཟང་བཙོན་ལ་བཀག དེ་ནས་རྒྱལ་ས་མོ་སི་ཀོའི་སྲུང་སྐྱོབ་ཧ་ཅང་དམ་པའི་ལེ་ཧྥོར་ཊོ་ཝོ་བཙོན་ཁང་དུ་བཅུག ཁོ་པའི་གྱོད་གཞི་དེར་ཨུ་རུ་སུའི་དམག་དོན་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱ་རྒྱུ་དང་ཕུ་ཊིན་གྱིས་དམག་དོན་གསང་བའི་གནས་ཚུལ་ཕྱི་ལ་འཁྱར་གྱི་ཡོད་པ་འགོག་ཐབས་སུ་འབད། ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་ལས་སྣེ་གཞན་པ་ཁག་ཅིག་ལ་བཙན་འཛུལ་སྔོན་དེར་ཡུཀ་རེན་ལ་ཞིབ་འཇུག་གང་ལེགས་མ་བྱས་པར་གོང་རིམ་ལ་གནས་ཚུལ་ལོག་པ་སྙན་སེང་ཞུས་པའི་ནག་ཉེས་ཕོག ཁོ་ཚོས་ཕུ་ཊིན་ལ་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་དམག་རྣམས་བཅིངས་འགྲོལ་བར་ངོས་འཛིན་བྱས་ནས་དགའ་བསུ་ཞུ་རྒྱུ་རེད། ཡུཀ་རེན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱེད་ཐུབ་ས་མ་རེད་ཅེས་སྙན་ཐོ་ཕུལ། ཕུ་ཊིན་གྱིས་དེར་མཉན་ནས་ཡུཀ་རེན་ལ་དམག་བརྒྱབ་སྟེ་ཨུ་རུ་སུར་ནམ་ཡང་གསོ་ཐབས་མེད་པའི་ཕམ་ཉེས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཟླ་མཇུག་དེར་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོའི་དཔུང་སྡེས་ས་མཚམས་བརྒལ་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་གྲབས་ཡོད་པ་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཤེས་རྟོགས་བྱུང་སྟེ་ས་ཁྲ་ཞིག་བསྟན་ནས་ཨུ་རུ་སུའི་དམག་དཔུང་གང་དུ་མདུན་སྐྱོད་བྱེད་ཀྱི་ཡོད་པ་རྣམས་བསྟན། དེ་ནས་བཟུང་སྟེ་ཨ་རི་དང་དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་ཨུ་རུ་སུའི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་རྣམས་ནོར་འཁྲུལ་མེད་པ་ཞིག་ཏུ་གྱུར། ཨ་དབྱིན་གཉིས་ཀས་ཡུཀ་རེན་གྱི་ལྐོག་མདའ་རྒྱག་མཁན་ཚོས་ཨུ་རུ་སུའི་དམག་དཔོན་རྣམས་དམིགས་འབེན་དུ་བཟུང་ནས་གསོད་རྒྱུ་ཡིན་པ་དང་ཨུ་རུ་སུའི་དམག་ལ་འགོ་ཁྲིད་མེད་པར་གཏོང་རྒྱུའི་འཐབ་ཇུས་འཛིན་གྱི་ཡོད་པའང་ཤེས་རྟོགས་བྱུང་། ད་ལྟ་རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུ་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་ཡོད་པས་ཕུ་ཊིན་གྱིས་སི་ཏ་ལིན་ཇི་བཞིན་མི་ཁག་ཅིག་གནས་དབྱུང་བཙོན་འཇུག་བྱས་ནས་ཇུས་ཉེས་ཀྱི་ལན་ཁག་དཀྲི་ས་ཞིག་བཙལ། འདས་པའི་གཟའ་འཁོར་བདུན་གྱི་རིང་དེར་ཨུ་རུ་སུའི་དམག་ལ་ཕམ་ཉེས་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལེན་མ་ཐུབ་པར་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། དེང་སྐབས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ཤར་ཕྱོགས་ཀྱི་གྱེན་ལོག་པའི་ས་ཁུལ་དུ་བཙན་ས་བཟུང་ནས་དམག་འཁྲུག་བརྒྱབ་སྟེ་དཔའ་རྟགས་ཤིག་འཇོག་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་གནས་ཚུལ་ཐོན། ནུབ་ཕྱོགས་ཀྱི་དམག་དོན་འཐབ་ཇུས་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་ནས་བྱང་ཕྱོགས་སུ་དྲངས། དེའི་རྗེས་སུ་ལྷོ་ཕྱོགས་ཀྱི་ཨི་ཛི་ཡུམ་གྲོང་ཁྱེར་གྱི་ཨུ་རུ་སུའི་དམག་དཔུང་དང་བྱང་ཕྱོགས་ཀྱི་དམག་དཔུང་གཉིས་ཀས་ཡུཀ་རེན་གྱི་དམག་དཔུང་མཐའ་འཁོར་ནས་རྩ་མེད་གཏོང་རྒྱུའི་འཐབ་ཇུས་འཛིན་གྱི་འདུག་ཅེས་བཀྲལ། ཕུ་ཊིན་གྱིས་ཡུཀ་རེན་ལ་དཔུང་འཇུག་བྱས་ནས་ཆུ་ཚོད་གཉིས་གསུམ་ཞིག་གི་ནང་ཚུད་དུ་མ་རི་ཨུ་པུལ་གྲོང་ཁྱེར་ལེན་ཐུབ་རྒྱུའི་རེ་ལྟོས་བཅངས། འོན་ཀྱང་ད་ལྟ་ཟླ་བ་གཅིག་ལྷག་གི་རྗེས་སུའང་ཡུཀ་རེན་གྱི་གྲོང་ཁྱེར་དེ་ཨུ་རུ་སུའི་དམག་གིས་ལེན་མ་ཐུབ།།

ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་ཉིན་རེའི་སྦྲག་འཕྲིན་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཨུ་རུ་སུའི་དམག་དཔུང་ཅི་ཙམ་གཏོང་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པའི་ཌོན་བྷ་སི་མངའ་ཁུལ་དུ་དམག་དཔུང་ལྡབ་གཉིས་མང་དུ་གཏོང་སྲིད་པའི་རྟགས་མཚན་ཞིག་མངོན། ཡིན་ནའང་ཨུ་རུ་སུའི་དམག་དཔུང་མང་དུ་བཏང་རུང་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་བཤད་དཀའ། དེང་སྐབས་ནམ་ཟླར་དྲོད་བབས་ནས་ས་གཞི་འཁྱག་གིས་བསྡམས་པ་རྣམས་ཞུ་ཡི་ཡོད་པས་ལྕགས་ཁྲབ་འཁོར་ལོ་རྣམས་རྒྱ་ལམ་འབའ་ཞིག་གི་སྟེང་དུ་བསྐྱོད་དགོས། གལ་སྲིད་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོའི་དཔུང་སྡེ་ས་ཞིང་དང་རྩ་ཐང་། ནགས་ཁྲོད་བརྒྱུད་ནས་དཔུང་སྐྱོད་བྱེད་ན་འདམ་ནང་དུ་ཟུག་རྒྱུའི་ཉེན་ཁ་ཆེ། དེས་ན་ཨུ་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་དག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་གཏོར་ཆོག་ཆོག་ཏུ་འགྱུར་ངེས་རེད། ཨུ་རུ་སུར་དམག་གྲངས་མང་བ་ཡོད་ཀྱང་ཡུཀ་རེན་གྱི་དམག་ལ་སེམས་ཐག་རྦད་བཅད་ཀྱིས་འཐབ་རྒོལ་བྱེད་ཐུབ་པའི་སྙིང་སྟོབས་ལྡན་པར་ཟད། ཨུ་རུ་སུའི་དམག་སྡེ་རེར་དམག་མི་༡༠༠༠་ཙམ་ཡོད་པ་དང་ཡུཀ་རེན་གྱི་འཐབ་འཁྲུག་ལ་དམག་སྡེ་༩༠་ཐམ་པ་བཀོད་སྒྲིག་བྱས་ཤིང་། ད་ལྟའི་བར་དུ་དམག་སྡེ་༩༠་ཐམ་པའི་ཁོངས་ནས་དམག་སྡེ་༤༠་ཐམ་པ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་འཛིན་གསུམ་བྱུང་སྟེ་རྩ་མེད་དུ་སོང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་ས་གནས་མང་ཆེ་བ་བླངས་ཟིན་ཡོད་ཀྱང་ཞི་བའི་གྲོས་མོལ་འཕྲོ་སྐྱོང་མ་བྱས་གོང་དུ་ལྷོ་ཤར་ཐམས་ཅད་ལེན་ཐབས་བྱ་རྒྱུའི་དམག་གྲ་སྒྲིག་གི་ཡོད་པའི་གནས་ཚུལ་ཐོན། ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གྱི་ཞི་བའི་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་ཞེས་བཤད།།
ཕྱི་ཟླ་༤་པའི་ཚེས་༡༢་ཉིན་ནེ་དྷར་ལན་ཌིའི་རྩད་གཅོད་དྲྭ་ཚིགས་གསར་ཁང་གི་སྤྱི་ཁྱབ་འགན་འཛིན་གྷ་རོ་ཌེབ་ཀྱིས་དབྱིན་ཇིའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་ལས་སྣེ་འཛིན་བཟུང་མ་བྱས་པ་མང་དག་ཅིག་ཡོད་ཀྱང་འཕོ་འགྱུར་བཏང་འདུག ལོ་ན་༦༨་ལ་སོན་པའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་བྷེ་སེ་ཌར་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་བཙོན་དུ་བཅུག་པ་ནི་གནས་ཚུལ་ཆེན་པོ་ཞིག་རེད་ཅེས་བཀྲལ། ཨུ་རུ་སུའི་གསར་འགོད་པ་དང་བདེ་འཇགས་ཉམས་ཞིབ་མཁས་པ་ཨན་ཌི་རེ་སོལ་ཌ་ཏོབ་ཀྱིས་བཤད་པ་ལྟར་ན། ཨུ་རུ་སུའི་མཐོ་རིམ་ལས་སྣེ་ཞིག་ལེ་ཧྥོར་ཊོ་ཝོ་བཙོན་ཁང་དུ་བཅུག་པ་ནི་རྒྱུན་ལྡན་ཞིག་ག་ལ་ཡིན། ཁོ་པས་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་དོགས་པ་བྱུང་བ་ཡིན་ས་རེད། ཕུ་ཊིན་ལ་དོགས་པ་བྱུང་ན་གསང་བའི་ལས་ཁུངས་ཁག་ལ་དག་ཐེར་བྱ་རྒྱུ་དང་གསང་བའི་མི་སྣ་ཚོ་ཨ་མི་རི་ཀར་འབྲེལ་བ་ཡོད་པས་དོགས་པ་བྱ་རྒྱུ་ཆོས་ཉིད་རེད་ཅེས་མོ་སི་ཀོ་དུས་བབ་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་འདུག ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་མ་ལངས་གོང་དེར་ཨུ་རུ་སུའི་གསང་བའི་ལས་ཁུངས་ཨང་ལྔ་པའི་ལས་འགན་གཙོ་བོ་ནི་ཡུཀ་རེན་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུ། ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་ལས་སྣེ་ཚོ་ཐེ་ལན་ཌི་དང་སི་ཕུ་ར་སི། མལ་ཌིབ་རྒྱལ་ཁབ་བཅས་ལ་རྒྱས་སྤྲོས་ཀྱི་གུང་སེང་དུ་ཁྲིད་ནས་བློ་ཁ་འགུགས་ཐབས་ཡིན་མོད། འོན་ཀྱང་ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱིས་ཨ་སྒོར་ཐེར་འབུམ་མང་པོ་འགྲོ་གྲོན་བཏང་ཡང་གྲུབ་འབྲས་ཅི་ཡང་སྟོན་རྒྱུ་མེད་པར་ཕུ་ཊིན་ཁོང་ཁྲོས་བརྟས། ཉེ་དུས་ཤིག་ནས་ཕི་ཊིན་ལ་དམག་གིས་སྲིད་དབང་འཕྲོག་ནས་མགོ་རྟིང་སློག་སྲིད་པའི་སྐྲག་སྣང་ཡོང་གི་ཡོད་པ་མངོན་གསལ་ཆེ་རུ་སོང་། ཨུ་རུ་སུའི་ཕྱི་སོ་ལས་ཁུངས་ཀྱི་འགོ་ཁྲིད་བཙོན་འཇུག་བྱས་པ་ནི་སི་ཏ་ལིན་གྱིས་རང་ལ་ཉེན་ཁ་ཡོད་པའི་མི་རྣམས་བཙོན་དུ་བཅུག་པ་དང་གཅིག་མཚུངས་རེད་ཅེས་གནས་ཚུལ་ཐོན་འདུག

ཁ་སང་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ཉི་མའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་གསང་བའི་ལས་ཁུངས་ཨང་ལྔ་པའི་ཁ་ལ་མཉན་ནས་ཡུཀ་རེན་ལ་དམག་བརྒྱབ། ཨུ་རུ་སུར་ཉི་མ་འགའ་ཞིག་གི་ནང་ཚུད་དུ་རྒྱལ་ཁ་འཐོབ་རྒྱུའི་ཚོད་དཔག་བྱས་པ་རྣམས་རྩིས་ལོག་ཐེབས། ཨུ་རུ་སུའི་ཉམས་ཞིབ་པ་ཨ་ལེཀ་སེ་མུ་ར་ཝི་ཡེབ་ཀྱིས་ཨུ་རུ་སུའི་དམག་དང་གསང་བའི་ལས་ཁུངས་ཁག་གིས་ཕུ་ཊིན་མགོ་རྟིང་བསློགས་ནས་སྲིད་དབང་འཕྲོག་སྲིད་པའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་ཞིང་། ཁོ་པས་ཨོ་གླིང་གནམ་འཕྲིན་གསར་ཁང་གི་གསར་འགོད་པར་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་མ་བཀག་པར་སྲིད་དབང་འཕྲོག་ཐབས་བྱེད་ཀྱི་རེད། ངས་བལྟས་ན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་དམག ཨུ་རུ་སུའི་གསང་བའི་ལས་ཁུངས་བཅས་ལ་འགལ་ཟླ་ཆེན་པོ་འདུག དེའི་རྒྱུ་མཚན་ནི་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་ཇུས་ཉེས་ཆེན་པོ་འབྱུང་གི་ཡོད་པ་དང་ཕུ་ཊིན་རྩིས་ནོར་ཐེབས་པ་སོགས་ཀྱིས་ཤེས་ཐུབ། ཨུ་རུ་སུའི་དམག་མིར་འཆི་སྐྱོན་ཚབས་ཆེན་ཕོག་པའི་རྗེས་སུ་ཕུ་ཊིན་གྱིས་དམག་དང་གསང་བའི་ལས་ཁུངས་གཉིས་ལ་ལེ་བདའ་བྱ་རྒྱུ་མགོ་བརྩམས། ངས་བལྟས་ན་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ལས་དོན་ཡག་པོ་ཞིག་བསྒྲུབས་མི་འདུག་ཅེས་བཤད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་འདིར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཁྱོན་བསྡོམས་ཨུ་རུ་སུའི་དམག་མི་ཁྲི་ཚོ་༤་ཡས་མས་ཤིག་བསད་རྨས་དང་འཛིན་བཟུང་བྱུང་། དེའི་ཁོངས་ནས་དམག་མི་༧༠༠༠་ནས་༡༥༠༠༠་ཙམ་ལ་སྲོག་སྐྱོན་ཕོག་ཡོད་པས་ཨུ་རུ་སུའི་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་ཡུཀ་རེན་གྱི་ཤར་ལྷོ་བྱང་གསུམ་དུ་བཀྲམ་པ་དེའི་གསུམ་ཆའི་གཅིག་མེད་པར་གྱུར་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG