ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་ངལ་རྩོལ་ཁྲིམས་གཞི་ལ་ངོ་རྒོལ། 


༄༅།། ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་དང་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀའི་ནེ་ཁི་དང་ཀོ་ཁོ་ཀོ་ལ། ཀུ་ཤུ་བཟོ་ཚོང་ཁང་སོགས་ཀྱིས་ཨ་རིའི་གྲོས་ཚོགས་ལ་བཅའ་ཁྲིམས་དེའི་འབྲུ་དོན་ཁག་གི་ནུས་པ་ཆུང་དུ་བཏང་སྟེ་རང་གི་ཚོང་ལས་ཀྱི་ཁེ་ཕན་ལ་དོ་ཕོག་མི་འགྲོ་བའི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན། ༢༠༢༠་ལོའི་ཕྱི་ཟླ་༩་པར་ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་སྟེ། གྱོན་གོས་དང་ལྷམ། ཀོ་ཁོ་ཀོ་ལ་ཁུ་ནག་འཐུང་ཆུ། རས་ཆ་དང་སྲིན་བལ་སོགས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་གྲོས་ཆོད་བཞག གྲོས་ཆོད་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༤༠༦་གིས་རྒྱབ་སྐྱོར་དང་འཐུས་མི་༣་གྱིས་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕངས། ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་གྲོས་ཚོགས་གོང་མས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་འཕོ་འགྱུར་མ་སོང་གོང་ངམ། ཡང་ན་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་མ་ཐག་ཏུ་ཨ་རིའི་གྲོས་ཚོགས་གོང་འོག་གིས་བཞག་པའི་གྲོས་ཆོད་དེར་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཨ་མི་རི་ཀའི་ཁྲིམས་ལ་འགྱུར་ཐུབ་ཀྱི་ཡོད་པ་རེད།།

ད་ལྟ་ཨ་མི་རི་ཀའི་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བཀག་འགོག་གི་བཅའ་ཁྲིམས་དེར་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་དང་ཀུ་ཤུ་བཟོ་ཚོང་ཁང་། ནེ་ཁི་བཟོ་ཚོང་ཁང་སོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མགོ་བརྩམས་འདུག ཨ་རིའི་བཟོ་ཚོང་ལས་ཁང་དེ་དག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ནས་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། ཡིན་ནའང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་འཕྲལ་དུ་ཞིན་ཅང་གི་ས་གནས་ཁག་ཏུ་བཟོ་སྐྲུན་བྱས་པའི་དངོས་ཟོག་དང་ཐོན་སྐྱེད་རྣམས་ནང་འདྲེན་བྱེད་དུ་མ་བཅུག་ཚེ། ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་དངོས་ཟོག་ཚོང་འགྲེམ་གྱི་ཐོན་སྐྱེད་རྣམས་ཆད་སྲིད་པའི་ཉེན་ཁ་ཆེན་པོ་འདུག ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་དངོས་ཟོག་ཕལ་མོ་ཆེ་རྒྱ་ནག་གི་བཟོ་གྲྭ་ཁག་དང་ལས་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད། ཨ་རིའི་ཁྲོམ་རའི་དངོས་ཟོག་གི་འབྱུང་ཁུངས་རྒྱ་ནག་འབའ་ཞིག་ལ་བརྟེན་ཡོད་ཅེས་རྒྱུ་མཚན་བགྲངས། ཞིན་ཅང་གི་ས་ཐོག་ནས་སྲིན་བལ་དང་རྡོ་སོལ། བྱེ་མ་ཀ་ར་དང་སྒོང་ལྡུམ། ཁམས་རྫས་འདྲ་མིན་སོགས་ཐོན་སྐྱེད་སྣ་མང་ཞིག་འཐོན་གྱི་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཨ་རིའི་བཟོ་ཚོང་ལས་ཁང་དང་ཞིན་ཅང་གི་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་གཉིས་འབྲེལ་བ་འདུག དཔེར་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁག་གིས་རྒྱ་ནག་གི་ཆིང་ཏའོ་གྲོང་ཁྱེར་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་བྱེ་མ་ཀ་ར་དང་ནེ་ཁི་བཟོ་ཚོང་ཁང་གིས་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ལྷམ་དང་གྱོན་ཆས་རྣམས། ཨ་རིའི་ཀོ་ཁོ་ཀོ་ལ་བཟོ་ཚོང་ལས་ཁང་གིས་ཚོང་འགྲེམ་བྱེད་ཀྱི་ཡོད་པའི་ཁུ་ནག་མང་པོ་ཞིག་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་རེད་ཅེས་ཐེར་འདོན་བྱས་འདུག

ལོ་འདིའི་ཕྱི་ཟླ་༣་པར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ལས་དོན་ཚོགས་ཆུང་གིས་གྲོས་ཚོགས་ལ་ཕུལ་བའི་སྙན་ཐོ་དེར་འཁོད་པ་ལྟར་ན། ནེ་ཁི་དང་ཀོ་ཁོ་ཀོ་ལ། ཨེ་ཌི་ཌ་སི་དང་ཁེལ་ཝྭིན་ཁེ་ལིན་སོགས་ཨ་མི་རི་ཀ་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཆེ་ཁག་བཅུ་གྲངས་ཤིག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་དང་ཐོན་སྐྱེད་རྣམས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་རེད། ཨ་རི་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་དེ་རྣམས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པར་འབྲེལ་བ་འདུག་ཅེས་བསྟན། ཀོ་ཁོ་ཀོ་ལ་བཟོ་ཚོང་ཁང་གིས་ང་ཚོས་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་རྣམས་ཉོ་སྒྲུབ་བྱེད་ཀྱི་མེད། ཀོ་ཁོ་ཀོ་ལ་བཟོ་ཚོང་ཁང་གིས་ཉོ་མཁན་དང་འཚོང་མཁན་གཉིས་མ་ཡིན་པར་རང་བཙན་གྱི་ཚོགས་པ་གསུམ་པ་ཞིག་ལ་ཀོ་ཁོ་ཀོ་ལ་བཟོ་ཚོང་ཁང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་ཡིན་མིན་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་མོད། འོན་ཀྱང་ཨ་རིའི་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་གྱི་རྒྱ་ཡིག་ཚགས་པར་དེར་གནས་ཚུལ་འཁོད་པ་ལྟར་ན། ཀོ་ཁོ་ཀོ་ལ་བཟོ་ཚོང་ཁང་གིས་རང་གི་ཁུ་ནག་འཐུང་ཆུའི་ནང་དུ་གདབ་ཀྱི་ཡོད་པའི་བྱེ་མ་ཀ་ར་མང་པོ་ཞིག་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་བྱེ་མ་ཀ་ར་དེ་རྣམས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་རུ་བཅུག་པའི་ཐོན་སྐྱེད་རེད་ཅེས་གསར་འགྱུར་སྤེལ། ནེ་ཁི་བཟོ་ཚོང་ཁང་གིས་རྒྱལ་སྤྱིའི་འབྲེལ་ལམ་འགན་འཛིན་རོ་སི་ཊར་གྱིས་ང་ཚོས་ཨ་རིའི་གྲོས་ཚོགས་ལ་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བཀག་འགོག་གི་བཅའ་ཁྲིམས་ཀྱི་འབྲུ་དོན་ཁག་གི་ནུས་པ་ཆུང་དུ་གཏོང་དགོས་པའི་རྒྱུད་སྐུལ་བྱས་མེད། ང་ཚོས་གྲོས་ཚོགས་འཐུས་མི་ཁག་གི་ལས་བྱེད་པ་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ངལ་རྩོལ་བཙན་བཀོལ་བཀག་འགོག་བྱ་རྒྱུ་དེར་དོན་འབྲས་སྨིན་པའི་གྲོས་སྡུར་ཞིག་བྱས་པ་ཡིན་ཞེས་བསྒྲགས།།

ཟླ་ཤས་གོང་དེར་ནེ་ཁི་བཟོ་ཚོང་ཁང་གི་སྤུན་དོག་དང་རས་ཆ་བཅས་ཐོན་སྐྱེད་རྣམས་ཞིན་ཅང་ནས་ནང་འདྲེན་བྱས་པ་མིན། ནེ་ཁི་བཟོ་ཚོང་ཁང་གི་ཐོན་སྐྱེད་མང་པོ་ཞིག་རྒྱ་ནག་གི་ཆིང་ཏའོ་གྲོང་ཁྱེར་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་༢༠༡༩་ནས་ཞིན་ཅང་གི་བཟོ་པ་གསར་པ་གླ་རྒྱུ་མཚམས་བཞག་པ་ཡིན། རང་བཙན་རྟོག་ཞིབ་ཚོགས་པ་ཞིག་གིས་ཀྱང་ཆིང་ཏའོ་གྲོང་ཁྱེར་གྱི་བཟོ་གྲྭ་དེར་ཞིན་ཅང་གི་ཡུ་གུར་བ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་མེད་པ་ངེས་གཏན་བྱུང་ཡོད་ཅེས་བཤད། ཨོ་གླིང་རྒྱལ་ཁབ་ཀྱི་འཐབ་ཇུས་ཞིབ་འཇུག་ཁང་གིས་ཨ་མི་རི་ཀའི་ནེ་ཁི་བཟོ་ཚོང་ཁང་གིས་ལོ་རེར་ལྷམ་༧༠༠༠༠༠༠་ལྷག་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་བཟོ་གྲྭ་དེར་ཞིན་ཅང་གི་ཡུ་གུར་བ་༨༠༠་ལྷག་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་འདུག་ཅེས་གསལ་སྟོན་བྱས་ཤིང་། རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་རྣམས་ལས་གྲྭ་ཁག་དང་བཟོ་གྲྭ་ཆེ་ཁག་ལ་བསྡུས་ནས་ངལ་རྩོལ་བཙན་བཀོལ་བྱེད་དུ་འཇུག་གི་ཡོད་པ། བོད་པ་དང་ཡུ་གུར་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་མི་དམངས་དངོས་ཟོག་ལོངས་སྤྱོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག སྲིད་གཞུང་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་དོན་པ་སོགས་ཀྱི་སྐྱོན་བརྗོད་དང་ངོ་རྒོལ། ཐ་ན་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བའི་བཟོ་ཚོང་ལས་ཁང་ཁག་གི་དངོས་ཟོག་ཉོ་མཚམས་འཇོག་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པས་ཨ་རི་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་ཀྱི་གནོན་ཤུགས་དང་འབྲེལ་ཡོད་ཀྱི་གྲོས་ཚོགས་འཐུས་མི་ཚོས་ཞིབ་འཇུག འཛམ་གླིང་མི་དམངས་ཀྱི་མིག་ལམ་དུ་བཟོ་ཚོང་ལས་ཁང་དེ་དག་གི་ཆེ་མཐོང་ཉམས་ནས་མིང་ཤས་ངན་པ་ཞིག་འཕོག་གི་ཡོད་པ་རེད།།

ཨ་མི་རི་ཀ་དང་རྒྱལ་སྤྱིའི་བཟོ་ཚོང་ཁང་ལས་ཁང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་དང་ཐོན་སྐྱེད་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་ཡིན་མིན། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་ཡིན་མིན་རྣམས་མཐའ་གཅིག་ཏུ་ཞིབ་འཇུག་བྱས་ནས་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་མེད་པར་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པ་སྟེ། རྒྱ་ནག་གཞུང་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་རི་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་གླས་པའི་རྟོག་ཞིབ་པ་ཚོར་དངོས་ཟོག་དང་ཐོན་སྐྱེད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་དུ་འཇུག་གི་མེད་ཅིང་། མཱི་ལར་དང་ཤཱེ་ཝྭ་ལིར་བཟོ་ཚོང་ཁང་གི་ཁྲིམས་རྩོད་པ་མཱོ་ཇཱི་ཁས་རྒྱ་ནག་གི་འགོ་ཁྲིད་ཚོར་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་མིན་པ་ཞིག་དགོས་ཀྱི་ཡོད་ཅེས་གྲོས་མོལ་བྱས་ནས་གྲོས་མཐུན་ཞིག་འཇོག་པར་ཟླ་བ་མང་པོ་འགོར་གྱི་འདུག ཨ་རིའི་བཟོ་ཚོང་ལས་ཁང་མང་དག་ཅིག་གིས་རང་ངོས་ནས་ཐོན་སྐྱེད་དེ་དག་ངལ་རྩོལ་བཙན་བཀོལ་གྱི་ཐོན་སྐྱེད་ཡིན་མིན་རྩད་གཅོད་གང་ཐུབ་བྱེད་ཀྱི་ཡོད་ཀྱང་ངལ་རྩོལ་བཙན་བཀོལ་མིན་པའི་ཐོན་སྐྱེད་ཅིག་རྙེད་རྒྱུ་ཁག་པོ་རེད་ཅེས་བཤད། ཨ་མི་རི་ཀའི་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ཚོང་འབྲེལ་རྒྱ་ཆེན་པོ་ཞིག་བཙུགས་ཡོད་པས་གྲོས་ཚོགས་ཀྱི་བཅའ་ཁྲིམས་དེའི་འབྲུ་དོན་ཁག་ལ་འགྱུར་བ་གཏོང་དགོས། དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་བྱ་དགོས་པའི་དོན་ཚན་དེ་མེད་པར་གཏོང་དགོས་པའི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་གྱི་འདུག་ཅེས་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གི་ལས་བྱེད་པ་ཚོས་བཤད་འདུག ཨ་རིའི་ཡུ་གུར་བ་ངལ་རྩོལ་བཙན་བཀོལ་བཀག་འགོག་གི་བཅའ་ཁྲིམས་དེར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་དང་ཐོན་སྐྱེད་ཀྱི་འབྱུང་ཁུངས་གསལ་སྟོན་བྱ་དགོས། གལ་སྲིད་དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་བྱེད་མི་ཐུབ་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་དེ་ཚོར་ཚོང་འབྲེལ་གཅོད་དགོས། ཞིན་ཅང་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཡིན་ན་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་མིན་པ་ཁུངས་སྐྱེལ་བྱ་དགོས་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG