ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༢༤

མགོ་ལོག་གི་ས་ཡོམ་དུས་སུ་མི་༣༧༠༠༠་ལྷག་ལ་གནོད་སྐྱོན་ཕོག་འདུག


༄༅།། ཟླ་བ་སྔོན་མར་མགོ་ལོག་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་ཡང་རྒྱ་ནག་གཞུང་གིས་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་དངོས་ཡོད་གནས་ཚུལ་རྣམས་ཕྱི་ལ་བཤད་མི་ཆོག་ཅེས་བཀག་སྡོམ་བྱས་ཤིང་། ཕྱི་ཟླ་༦་པའི་ཚེས་༡༦་ཉིན་བོད་ནང་གི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༥་ཚེས་༢༢་ཉིན་ས་ཡོམ་འགུལ་ཚད་༧་དང་གྲངས་ཆུང་༤་ཅན་ཞིག་བརྒྱུུགས་ཏེ་མགོ་ལོག་ཁུལ་གྱི་རྫོང་ཁག་བདུན་དང་ཡུལ་ཚོ་༤༠་ཡས་མས་ཤིག་གི་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། རྒྱ་ནག་གཞུང་གིས་མགོ་ལོག་དགའ་བདེ་རྫོང་གི་གྲོང་ཚོ་མང་པོར་ཁང་པ་རྩ་ཐོར་ཕྱིན་པའི་གནས་ཚུལ་རྣམས་ས་གནས་དེའི་བོད་པ་ཚོས་ཕྱི་ལ་སྒྲོགས་མི་ཆོག གལ་སྲིད་ས་ཡོམ་གྱི་གོད་ཆག་རྣམས་ཕྱི་ལ་བསྒྲགས་ན་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན་ཞེས་བཙན་བཀའ་བཏང་སོང་། དེང་སྐབས་དྲག་ཆས་ཉེན་རྟོག་པ་རྣམས་གང་སར་འགྲེམ་འཇོག་བྱས་ནས་དམ་དྲག་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད་འདུག

འདི་གའི་གསར་འགོད་པར་མིང་བརྗོད་འདོད་མེད་པའི་མི་སྣ་གཞན་ཞིག་གིས་བརྗོད་དོན་ལྟར་ན། ཁོང་གི་ཕ་ཡུལ་མགོ་ལོག་རྨ་སྟོད་འཛོ་གན་ར་བར་ས་ཡོམ་འགུལ་ཚད་ཤུགས་ཆེན་ཞིག་བརྒྱུགས་ཏེ་རི་ཉིལ་བ་དང་ཁང་པ་རྣམས་ཞིག་པ་སོགས་ཀྱི་གནོད་འཚེ་ཆེན་པོ་ཕོག་སོང་ཞེས་བཤད། རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་དུ་བརྒྱུགས་པའི་ས་ཡོམ་སྐབས་སུ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གསལ་པོ་ཞིག་ཁྱབ་བསྒྲགས་བྱས་མེད་ཀྱང་འདི་གའི་གསར་འགོད་པར་བོད་ནང་ནས་འབྱོར་བའི་གནས་ཚུལ་དང་དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་གྱི་གོད་ཆག་སྐབས་སུ་མི་༢༠་ཡས་མས་ཤིག་ལ་འཆི་སྐྱོན་དང་མི་༣༠༠་ལྷག་ལ་རྨས་སྐྱོན། མི་༡༣་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་སྤེལ་རུང་མགོ་ལོག་ཁུལ་གྱི་ས་ཡོམ་སྐབས་སུ་མི་ལ་འཆི་རྨས་ཀྱི་གནོད་འཚེ་ཕོག་པའི་གྲངས་འབོར་མང་བ་བྱུང་ཡོད་སྲིད་པའི་འགྲེལ་བརྗོད་བྱས་འདུག

ཁ་སྔོན་ཕྱི་ཟླ་༥་ཚེས་༢༦་ཉིན་རྒྱ་ནག་གཞུང་གིས་གཉེར་བའི་མཚོ་སྔོན་བོད་སྐད་དྲྭ་ལམ་དུ་མགོ་ལོག་ལ་ས་ཡོམ་འགུལ་ཚད་༥་དང་གྲངས་ཆུང་༢༢་བརྒྱུགས་འདུག རྨ་སྟོད་རྫོང་དང་རྨ་ཆེན་རྫོང༌། པདྨ་རྫོང༌། དགའ་བདེ་རྫོང་། དར་ལག་རྫོང༌། ཡུས་ཧྲུའུ་ཁུལ་གྱི་ཆུ་དམར་ལེབ་རྫོང༌། ཁྲི་འདུ་རྫོང་བཅས་རྫོང་ཁག་བདུན་དང་ཡུལ་ཚོ་བཞི་ཅུ། མི་༣༧༥༢༡་ལ་གནོད་པ་ཐེབས། ཕྱི་ཟླ་༥་པའི་ཚེས་༢༥་བར་དུ་མི་ལ་གསར་དུ་རྨས་སྐྱོན་ཕོག་པའི་གནས་ཚུལ་མ་བྱུང་། ༢༠༢༡་ལོའི་ཟླ་༥་པའི་ཚེས་༢༥་བར་དུ་ཚད་རིམ་གསུམ་ཡན་ཆད་ཀྱི་ས་ཡོམ་ཐེངས་༤༦་བྱུང་འདུག་ཅེས་བསྒྲགས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG