ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་མཚོ་བྱང་དུ་འབྱོར་བའི་དུས་སུ་མི་མང་ལ་དམ་དྲག


༄༅།། ཉེ་ཆར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་མཚོ་བྱང་ཁུལ་དུ་འབྱོར་བའི་སྐབས་སུ་བོད་པ་ཁག་ཅིག་ལ་ཆེད་དུ་བོད་ཆས་གཡོགས་ཏེ་དགའ་བསུ་ཞུ་རུ་བཅུག་ཀྱང་མང་ཚོགས་ལ་འགྲོ་འོང་བཀག་སྡོམ་ནན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༦་པའི་ཚེས་༧་ནས་༩་བར་དུ་ རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་ཟི་ལང་གྲོང་ཁྱེར་དང་མཚོ་བྱང་ཁུལ། རྐང་ཚ་རྫོང་བཅས་སུ་ལྟ་ཞིག་ལ་བསླེབས་པའི་སྐབས་སུ་ས་གནས་ཁག་གི་མང་ཚོགས་ལ་དམ་དྲག་ནན་པོ་བྱུང་སོང་ཞེས་ས་གནས་དེའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་འདུག

གསར་འགྱུར་མཁོ་སྤྲོད་པས་ཞིས་ཅིན་ཕིང་མཚོ་སྔོན་པོའི་བྱ་གླིང་སྟེ། ཡོངས་གྲགས་སུ་ཧ་སྒེ་ཤང་ཞེས་འབོད་པའི་ས་ཁུལ་ལ་ལྟ་ཞིབ་ཏུ་བསླེབས་སོང་། སྐབས་དེར་རྒྱ་གཞུང་གི་བཀོད་སྒྲིག་བྱས་བའི་མི་མང་ཁག་ཅིག་ལ་བོད་ཆས་གཡོགས་ནས་ལག་ཏུ་ཁ་བཏགས་བཟུང་སྟེ་དགའ་བསུའི་རྣམ་པ་སྟོན་དུ་བཅུག་སོང་། ས་གནས་དེའི་མི་དམངས་བྱིངས་རྣམས་བཀག་སྡོམ་བྱས་ནས་ཞིས་ཅིན་ཕིང་གི་འཁྲིས་དང་ལྟ་ཞིབ་བྱ་ཡུལ་ཁག་ལ་ཡོང་དུ་བཅུག་མ་སོང་། སྐབས་དེར་མཚོ་སྔོན་པོའི་མཐའ་འཁོར་གྱི་གཞུང་ལམ་ཁག་ཏུ་འགྲིམ་འགྲུལ་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་བཀྲམ་སྟེ་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་དང་རླངས་འཁོར་བཅས་ལ་སྔོག་བཤེར་དང་བཀག་སྡོམ་བྱས་སོང་ཞེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་ཞིས་ཅིན་ཕིང་ཧ་སྒེ་ཤང་གི་བོད་པའི་ཁྱིམ་ཚང་ཞིག་དུ་ཡོང་སྟེ་སྣེ་ལེན་བྱེད་མཁན་དང་ཟ་མ་བཟོ་མཁན་རྣམས་གཞུང་གིས་བཀོད་སྒྲིག་བྱས་པའི་མི་སྣ་རྣམས་རེད། ཁོ་ཚོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་གྱི་ཡོད་པར་དགའ་བསུ་དང་ཏང་གི་བཀའ་དྲིན་འོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་སོང་། ཏང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་དུ་བཅུག་འདུག ཞིས་ཅིན་ཕིང་གི་མཚོ་བོད་མཐོ་སྒང་དང་མཚོ་སྔོན་པོའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཤད། ཉིན་གཉིས་ཀྱི་སྔོན་དེར་གསེར་ཆེན་རྫོང་གི་ཉེན་རྟོག་རུ་ཁག་གི་དམག་མི་མང་པོ་ཞིག་གློ་བུར་དུ་ཆེད་གཏོང་བྱས་ནས་ནམ་རྒྱུན་མཚོ་སྔོན་པོའི་འགྲམ་དུ་རྒྱ་མི་ཉ་པ་མང་པོ་ཞིག་ཡོད་པ་དེ་དག་རང་ཁྱིམ་དུ་འཛུལ་ནས་འདུག་དགོས་པ་དང་ཉ་འཛིན་མི་ཆོག་པ། ཉ་པའི་ལག་གི་ཉ་རྒྱ་མང་པོ་འཕྲོག་འདུག

སྔོན་ཆད་མཚོ་མཐའི་བོད་པ་མང་ཚོགས་ཀྱིས་མཚོ་སྔོན་པོར་སྲུང་སྐྱོབ་ཀྱི་དང་བླངས་པ་ཞེས་པའི་ཚོགས་པ་བཙུགས་ནས་ཁོར་ཡུག་གཙང་སྦྲ་དང་མཚོ་སྔོན་པོའི་ནང་གི་གསེར་ཉ་སོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་རྒྱ་མི་ཉ་པ་དང་ཉེན་རྟོག་པ་ཚོ་འབྲེལ་བ་ཆེན་པོ་ཡོད་པས་ཉ་པ་རྣམས་འགོག་ཐུབ་ཀྱི་མེད་ཅིང་། ཐེངས་འདིར་ཞིས་ཅིན་ཕིང་གི་གཏམ་བཤད་བརྒྱུད་ནས་རྒྱ་མི་ཉ་པ་ཚོ་འཛིན་བཟུང་བྱས་འདུག འདི་ནི་མཚོ་མཐའི་བོད་པ་མང་ཚོགས་ཀྱིས་ཧ་ཅང་གི་གཏམ་བཟང་ཞིག་རེད་ཅེས་དགའ་མོས་བྱེད་ཀྱི་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་འདུག རྒྱ་ནག་གི་གསར་འགྱུར་ནང་དུ་ཞིས་ཅིན་ཕིང་མཚོ་སྔོན་དུ་བསྐྱོད་དེ་གཙང་གསུམ་མགོ་ཁུངས་དང་གཙང་རྒྱུད་ཀྱི་ས་ཁུལ་ཚང་མ་རྒྱལ་ཡོངས་སྤྱི་གླིང་དུ་བསྒྱུར་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG