ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་ཉི་མ་༨་གྱི་འཚམས་འདྲིར་ཕེབས་འཆར། 


༄༅།། བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་ཟླ་བ་འདིའི་ཚེས་༢༣་ནས་༣༠་བར་དུ་རྒྱ་ནག་ལ་ཉིན་༨་གྱི་འཚམས་འདྲིར་ཕེབས་ཏེ་ཧང་ཀྲུག་གྲོང་ཁྱེར་དུ་འཚོགས་ཀྱི་ཡོད་པའི་ཨེ་ཤི་ཡའི་རྩེད་འགྲན་མཛད་སྒོ་ཞུགས་རྒྱུའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༠་ཉིན་རྒྱ་གར་གྱི་མ་ནོ་ཧར་པ་རཱི་ཀར་རྒྱལ་སྲུང་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་བལ་ཡུལ་གྱི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་གཉིས་པ་དེ་རེད། ཁ་སྔོན་ཕྱི་ཟླ་༥་པའི་ཟླ་མཇུག་ཏུ་བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་དང་དེ་ནི་སྲིད་བློན་དྷལ་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་རེད། བལ་ཡུལ་གྱི་སྲིད་གཞུང་སྔོན་མ་དེ་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་གང་ལེགས་འཛིན་དགོས་པའི་སྲིད་ཇུས་ཤིག་བཟུང་བ་ལྟར་པུ་ཤ་པ་ཀ་མལ་དྷལ་གྱི་སྲིད་གཞུང་གིས་ཀྱང་རྒྱ་དཀར་ནག་གཉིས་ལ་འབྲེལ་བ་དམ་ཟབ་འཛིན་པའི་བལ་ཡུལ་གྱི་ཕྱི་སྲིད་དེ་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་མངོན།།

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བདག་དབང་འདྲ་མཉམ་དང་ལྷག་བསམ་རྣམ་དག ཕན་ཚུན་ཡིད་ཆེས་དང་གཉིས་ཕན། ཕན་ཚུན་གྱི་བློ་འཚབ་དང་ཚོར་སྐྱེན་རྣོ་བའི་གནད་དོན་ཁག་ལ་བསམ་ཤེས། ཡར་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མཉམ་འབྲེལ་བྱ་དགོས་པའི་རྩ་དོན་ཐོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛིན་གྱི་ཡོད་ཟེར། བལ་ཡུལ་གྱི་ཡར་རྒྱས་གོང་འཕེལ་དེ་རྒྱ་དཀར་ནག་གཉིས་ལ་འབྲེལ་བ་བཟང་པོ་བཙུགས་ནས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པའང་བདེན། སྲིད་བློན་པུ་ཤ་པ་ཀ་མལ་དྷལ་ཟླ་ཤས་སྔོན་དུ་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་དང་ད་ལྟ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དེས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ལ་འབྲེལ་བ་བཏང་སྙོམས་ཤིག་འཛིན་གི་ཡོད་པ་ར་འཕྲོད། རྒྱ་གར་དང་རྒྱ་ནག་གཉིས་སྲིད་གཞུང་གི་ལམ་ལུགས་དང་རྒྱལ་སྤྱིའི་ལས་དོན་ཐོག་ཏུ་གནད་འགག་འཛིན་སྟངས་སོགས་ཕྱོགས་ཀུན་ནས་མི་འདྲ་ཡང་བལ་ཡུལ་གཞུང་གིས་རྒྱ་དཀར་ནག་གཉིས་ཀར་འབྲེལ་བ་སྙོམས་པོ་ཞིག་འཛིན་ཐུབ་ཀྱི་ཡོད་པ་ངོ་མཚར་ཆེ་ཞེས་དཔྱད་བརྗོད་སྤེལ་འདུག

རྒྱ་གར་གྱི་མ་ནོ་ཧར་པ་རཱི་ཀར་རྒྱལ་སྲུང་ཞིབ་འཇུག་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དུས་དང་རྣམ་པ་ཀུན་ཏུ་བལ་ཡུལ་གྱི་ཕྱོགས་སུ་ལངས་ཡོད་པ་ཞིག་མིན་པ་སྟེ། ༢༠༡༥་ལོར་བལ་ཡུལ་ལ་ས་འགུལ་བརྒྱུགས། ༢༠༡༩་ཡི་ལོ་མཇུག་ནས་པྲོག་དབྱིབས་ནད་དུག་ཁྱབ་སྟེ་བལ་བོད་ཀྱི་ས་མཚམས་ཁག་སྒོ་བརྒྱབ། ས་ཡོམ་གྱི་གནད་འཚེ་དང་ནད་ཡམས་ཀྱི་བཀག་སྡོམ་དུས་སུའང་རྒྱ་ནག་གི་དངོས་ཟོག་རྣམས་བལ་ཡུལ་དུ་ཕྱིར་ཚོང་བྱ་རྒྱུ་མཚམས་ཆད་མེད་ཀྱང་བལ་ཡུལ་གྱི་དངོས་ཟོག་རྣམས་རྒྱ་ནག་ལ་ཡོང་དུ་མ་བཅུག་པར་ཚོད་འཛིན་དམ་པོ་བྱས་པར་མ་ཟད། རྒྱ་ནག་གིས་བལ་པོའི་དངོས་ཟོག་ལ་སྒོ་ཁྲལ་ཆེན་པོ་སྤར། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་བལ་ཡུལ་ལ་མཐུད་རྒྱུ་དེར་གྲོས་མོལ་མཚམས་ཆད། བལ་ཡུལ་གཞུང་གིས་རྒྱ་དཀར་ནག་གཉིས་ཀར་འཛིན་པའི་འབྲེལ་བ་དེར་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་རྒྱ་ནག་ལས་རྒྱ་གར་ལ་འབྲེལ་བ་འཛིན་རྒྱུ་ཅུང་ཙམ་སྟབས་བདེ་པོ་ཡོད་ཤས་ཆེ། རྒྱ་གར་དང་བལ་ཡུལ་གཉིས་ལ་ལོ་རྒྱུས་དང་རིག་གཞུང་། མི་རིགས་བཅས་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་རེད་ཅེས་བསྟན།།

རྒྱ་ནག་དང་བལ་ཡུལ་གཉིས་ལ་སྐད་ཡིག་དང་རིག་གཞུང་། མི་རིགས་དང་ལོ་རྒྱུས་སོགས་ཀྱི་འབྲེལ་བ་མེད་པས་བལ་པོ་ཇི་སྙེད་ཅིག་གིས་རྒྱ་ནག་པ་ཚོར་འབྲེལ་བ་འཛིན་རྒྱུ་དེ་ཤིན་དཀའ་ངལ་ཆེ་ཞེས་སྡུག་སྐད་ཤོར། རྒྱ་ནག་གིས་ལྐོག་ཏུ་བལ་ཡུལ་ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་མེད་དེ་གསལ་པོར་སྣང་། མའོ་ཙེ་ཏུང་གིས་བོད་ནི་ལག་པ་དང་བལ་ཡུལ་སོགས་དེའི་མཇུབ་མོ་ལྔ་རེད་ཅེས་བཤད་པའི་སྲིད་ཇུས་དེའི་གཡོ་འོག་ཏུ་བལ་ཡུལ་མ་ཚུད་པ་བྱ་རྒྱུ་གལ་གནད་ཆེ། དེང་སྐབས་རྒྱ་གར་དང་ཨ་རིའི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པ་དང་ཨ་རྒྱའི་འབྲེལ་བ་སྡུག་ཏུ་སོང་། རྒྱལ་སྤྱི་དང་མངའ་ཁུལ་གྱི་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་བཞིན་ཡོད་པས་བལ་ཡུལ་གྱིས་རང་གི་ཁེ་ཕན་སྲུང་སྐྱོབ་དོན་དུ་རྒྱ་ནག་འབའ་ཞིག་ལ་བསྙེ་རྒྱུའི་སྲིད་ཇུས་དེར་བསྐྱར་ཞིབ་བྱ་དགོས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་འགྲན་རྩོད་དང་འཐབ་རྩོད་ཀྱི་དྲྭ་བའི་ནང་དུ་བལ་ཡུལ་མ་ཚུད་པ་བྱ་དགོས་ཞེས་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་གོང་དུ་ཉེན་བརྡ་ལྟ་བུའི་དཔྱད་རྩོམ་ཞིབ་རྒྱས་ཤིག་སྤེལ་འདུག

ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་ཀྱི་བོད་པའི་གྲོང་ཚོ་ཞིག་ཏུ་འགག་སྒོ་གསར་པ་ཞིག་འབྱེད་རྒྱུའི་ཐག་བཅད། འགག་སྒོ་གསར་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་ས་ཁུལ། འབྲོང་པ་རྫོང་གི་ཡག་ར་གྲོང་རྡལ། ལི་ཛི་ས་གནས་སུ་འཛུགས་སྐྲུན་བྱས་ཡོད་པ་དང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱང་ཐག་སྤྱི་ལེ་༩༣༥་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་རྒྱང་ཐག་སྤྱི་ལེ་༤༩༩་ཡོད་འདུག ལི་ཛི་ས་གནས་ནི་བལ་ཡུལ་གྱི་ཀོ་ར་ལའི་རི་འདབས་སུ་ཆགས་ཡོད་པས་དུས་རབས་མང་པོར་བོད་པ་དང་བལ་པོ་ཚོས་འབྲུ་རིགས་དང་ཚྭ། ར་ལུག་དང་ཁྱིམ་ཆས་སོགས་ཀྱི་དངོས་ཟོག་རྣམས་ཉོ་ཚོང་བྱ་ཡུལ་ཁྲོམ་ས་ཞིག་ཡིན་ཞིང་། ད་ལྟ་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པོའི་གློ་བོའི་ཡུལ་གྱི་གནས་ཆུང་ས་གནས་སུའང་བལ་ཡུལ་གཞུང་གིས་ཚོང་འབྲེལ་བསྟི་གནས་གསར་པ་ཞིག་སྒོ་ཕྱེ། ལི་ཛི་དང་གནས་ཆུང་གི་ཚོང་འབྲེལ་བསྟི་གནས་གཉིས་ནི་བལ་བོད་ས་མཚམས་ཀྱི་འགག་སྒོ་བཞི་པ་དེ་ཡིན་པའི་གནས་ཚུལ་ཐོན་འདུག

༢༠༡༩་ལོར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་བལ་ཡུལ་དུ་འཚམས་འདྲིར་འབྱོར་བའི་སྐབས་སུ་ལི་ཛི་དང་གནས་ཆུང་ས་གནས་གཉིས་སུ་འགག་སྒོ་རེ་སྒོ་འབྱེད་བྱ་རྒྱུའི་གྲོས་མཐུན་བཞག ཡིན་ནའང་པྲོག་དབྱིབས་ནད་ཡམས་ཁྱབ་པའི་རྗེས་སུ་ས་མཚམས་བཀག ཟླ་བ་ལྔའི་གོང་དུ་བལ་བོད་ས་མཚམས་ཁག་བསྐྱར་དུ་སྒོ་ཕྱེ་ནས་དངོས་ཟོག་སྐྱེལ་འདྲེན་དང་འགྲིམ་འགྲུལ་འགོ་ཚུགས། རྒྱ་ནག་གིས་ཧི་མ་ལ་ཡའི་གངས་རི་བརྒལ་ནས་བལ་ཡུལ་ལ་ལྕགས་ལམ་དང་རྒྱ་ལམ། ཕུག་ལམ་སོགས་འཛུགས་སྐྲུན་སྣ་མང་ཞིག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་རྒྱ་ནག་གིས་ཧི་མ་ལ་ཡའི་གངས་རི་བརྒལ་ཏེ་བལ་ཡུལ་ལ་འབྲེལ་ལམ་དེ་རྣམས་ཇི་ལྟར་མཐུད་རྒྱུ་ཡིན་མིན་དང་ལས་གཞི་དེ་དག་ལ་འགྲོ་གྲོན་སུས་གཏོང་རྒྱུ་ཡིན་མིན་རྣམས་གསལ་བཀྲོལ་མ་བྱུང་། རྒྱ་ནག་གིས་སིངྒ་ལར་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་གཉེར་ནས་སིངྒ་ལ་བུ་ལོན་ནང་དུ་ཚུད། ཉམས་ཞིབ་པ་ཚོས་བལ་ཡུལ་ལའང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་གཉེར་ན་བལ་ཡུལ་བུ་ལོན་ནང་དུ་ཚུད་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་ཉེན་བརྡ་བཏང་འདུག

ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཡུ་རེ་ཤི་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་པུ་ཤ་པ་ཀ་མལ་དྷལ་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་གོང་དུ་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཁྲེན་སུང་གིས་རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བར་སྐྱོན་བརྗོད། བལ་ཡུལ་གྱི་ནང་སྲིད་ལ་ཐེ་ཇུས་ཀྱི་གཏམ་བཤད་འོས་འཚམས་མ་ཡིན་པ་ཞིག་བྱས་པ་ནི་བལ་ཡུལ་ལ་ཁྱད་གསོད་བྱས་པ་ཞིག་རེད། རྒྱ་ནག་གི་སྤྱང་དམག་ཕྱི་འབྲེལ་མི་སྣ་ཞིག་གིས་ཕྱི་འབྲེལ་མི་སྣའི་སྤྱོད་ཚུལ་ལས་འདས་པའི་གཏམ་སྤྱོད་སྤེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་བསླངས། སྲིད་བློན་དྷལ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་བལ་ཡུལ་མི་དམངས་ལ་རོགས་སྐྱོར་འཐོབ་སྲིད་པར་འགལ་རྐྱེན་སློང་དོན་ཅི་རེད། ཁྲེན་སུང་གི་གཏམ་བཤད་ཀྱིས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་ཡོང་གི་མེད་པ་དང་རྒྱ་གར་གྱིས་བལ་ཡུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མཚོན་ཐུབ་ཅེས་གསར་འགྱུར་ལས་ཁུངས་ཁག་གིས་དཔྱད་བརྗོད་སྤེལ་འདུག

རྒྱ་ནག་དམར་ཤོག་ཚོགས་པས་རང་གི་ལྟ་གྲུབ་རྣམས་བལ་ཡུལ་དུ་དར་སྤེལ་གཏོང་རྒྱུ་གཙིགས་སུ་བཟུང་། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་པའི་སྲིད་གཞུང་དེ་པ་ཀི་སི་ཐན་ལྟར་རྒྱ་ནག་གི་བཀོད་ཇུས་འོག་ཏུ་བསྡུ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་བཅངས། ༢༠༡༨་ལོར་རྒྱ་ནག་གིས་བར་འདུམ་བྱས་ནས་བལ་ཡུལ་གྱི་མར་ཁེ་སི་ལེ་ཉིང་རིང་ལུགས་ཚོགས་པ་དང་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱིས་མཉམ་སྐྱོང་སྲིད་གཞུང་བཙུགས། རྒྱ་ནག་གི་གཞུང་ཚབ་པ་སྔོན་མ་ཧུག་དབྱང་ཆིས་སྲིད་བློན་ཟུར་པ་ཤར་མ་ཨོ་ལི་དང་བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་ལ་ཤུགས་རྐྱེན་ཐེབས་པ་ཀུན་ལ་གྲགས། བལ་ཡུལ་གྱི་དམར་ཤོག་སྲིད་གཞུང་འཐོར་ཞིག་ཕྱིན་པའི་རྗེས་སུ་པུ་ཤ་པ་ཀ་མལ་དྷལ་གྱིས་སྲིད་དབང་བཟུང་། སྲིད་བློན་དྷལ་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་དེ་པེ་ཅིང་ལ་མ་ཕེབས་པར་རྒྱ་གར་ལ་ཕེབས་པར་རྒྱ་ནག་གཞུང་ལ་ཕོག་ཐུག་ཆེན་པོ་བྱུང་། བདུན་ཕྲག་འདིར་བལ་ཡུལ་གྱི་སྲིད་བློན་པེ་ཅིང་དང་ཧང་ཀྲུག ཁྲུང་ཆིང་དང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ལ་ཕེབས་ཀྱི་ཡོད་ཀྱང་འཚམས་འདྲི་འདི་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ཐུབ་རྒྱུ་ཡིན་ནི་ཐེ་ཚོམ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG