ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༠༩/༢༧

རྙོག་འཛིང་ཆེ་བའི་རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བར་བསྐྱར་ཞིབ། 


༄༅།། བདུན་ཕྲག་འདིར་བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་རྒྱ་ནག་ལ་གཞུང་འབྲེལ་གྱི་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་འདི་རྒྱུ་མཚན་གསུམ་ལ་བརྟེན་ནས་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡༧་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཚམས་འདྲི་འདི་རྒྱ་ནག་གིས་ཚད་ལྡན་ས་ཁྲ་ཟེར་བའི་ས་ཁྲ་གསར་པ་ཞིག་བཏོན་ཏེ་བལ་པོའི་ས་གནས་ཁག་གསུམ་རྒྱ་གར་གྱི་ཁོངས་སུ་བཅུག་པའི་རྗེས་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་བལ་ཡུལ་དུ་མཐུད་རྒྱུའི་ལས་གཞི་འགགས། ཨ་མི་རི་ཀས་བལ་ཡུལ་ལ་ཨ་སྒོར་དུང་ཕྱུར་༥་འཛུགས་སྐྲུན་རོགས་རམ་སྤྲད་པ་རྣམས་བཀོལ་སྤྱོད་གཏོང་གྲབས་ཡོད་པ་བཅས་ལ་འབྲེལ་བ་འདུག ཨ་རིའི་རོགས་དངུལ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་འགོག་ཐབས་ཀྱི་རོགས་དངུལ་ཞིག་ཡིན་སྲིད། ཉེ་ཆར་ཕྱི་ཟླ་༦་པའི་ནང་བལ་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་ཏེ་ལྡི་ལི་གསར་པར་སྲིད་བློན་མོ་དྷི་དང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱས་ནས་གྲུབ་འབྲས་གང་འཚམ་ཞིག་ཐོན། རྒྱ་གར་དང་བལ་ཡུལ་གྱི་འབྲེལ་བ་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད་པར་རྒྱ་ནག་གིས་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་དང་རྒྱ་གར་གཙོས་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་བདུན་ཕྲག་འགའ་ཤས་ཀྱི་སྔོན་དེར་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཁྲེན་སུང་གིས་ཚོགས་འདུ་ཞིག་གི་ཐོག་ཏུ་གཏམ་བཤད་བྱས་ནས་བལ་ཡུལ་དང་རྒྱ་གར་གྱི་འབྲེལ་བ་ཡག་ཏུ་ཕྱིན་པར་རྒྱ་ནག་དགའ་མོས་མེད་པའི་རྣམ་འགྱུར་བསྟན། ཁྲེང་ཟུང་གི་གཏམ་སྤྱོད་ཁག་ཅིག་ཕྱི་འབྲེལ་མི་སྣ་ཞིག་གི་སྤྱོད་ཚུལ་ལས་རིང་དུ་འདས། ཁོ་པས་བལ་ཡུལ་གྱི་དཔལ་འབྱོར་ལམ་ལུགས་རྒྱ་ནག་ལ་མིག་དཔེ་བལྟ་དགོས་པ་དང་རྒྱ་གར་གྱིས་བལ་ཡུལ་ལ་ཕམ་གྱོང་ཁོ་ན་སྟེར་གྱི་ཡོད་པ་རེད་ཅེས་གཤེས། བལ་ཡུལ་གཞུང་གིས་རྒྱ་གར་སོགས་རྒྱལ་ཁབ་གཞན་ལ་འབྲེལ་བ་བཙུགས་ན་རྒྱ་ནག་ལ་ཕོག་ཐུག་ཤོར། རྒྱ་ནག་དང་བལ་ཡུལ་གྱི་འབྲེལ་བ་དེ་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་དང་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས། ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པ་ཁས་ལེན་བྱ་དགོས་པ་དང་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དུ་འཇུག་མི་ཆོག་པའི་གཞི་རྩའི་ཐོག་ཏུ་ཚུགས་པའི་འབྲེལ་བ་ཞིག་རེད་ཅེས་རྩོམ་ཡིག་སྤེལ་འདུག

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་རྩོམ་ཡིག་དེར་རྒྱ་ནག་ནི་བལ་ཡུལ་གྱི་ཡུན་བརྟན་བློས་ཐུབ་ཀྱི་གྲོགས་པོ་དང་འཛུགས་སྐྲུན་གྱི་ཟླ་གྲོགས་ཡིན་པ་སྨོས་ཅི་འཚལ། རྒྱ་ནག་གིས་ཧི་མ་ལ་ཡའི་གངས་རི་བརྒལ་ནས་བལ་ཡུལ་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པའང་བསྔགས་བརྗོད་ཀྱི་གནས་སུ་ཟད། ཡིན་ནའང་རྒྱ་ནག་གི་རྩ་དོན་དང་བལ་ཡུལ་ལ་འཛིན་པའི་ཕྱི་སྲིད་དེ་ཅི་ཡིན་གསལ་པོ་མི་འདུག རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་དང་དེ་ལ་འབྲེལ་བ་ཡོད་པའི་འཛུགས་སྐྲུན་ལས་གཞི་རྣམས་ས་ཁམས་ཆབ་སྲིད་དང་ས་ཁམས་དཔལ་འབྱོར་ལ་དམིགས་ནས་བཙུགས་པ་ངོ་འཕྲོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཞོར་དུ་རྒྱལ་སྤྱིའི་འཛུགས་སྐྲུན་ལས་གཞི་དང་རྒྱལ་སྤྱིའི་བདེ་འཇགས་ལས་གཞི། རྒྱལ་སྤྱིའི་རིག་གཞུང་ལས་གཞི་ཞེས་ལས་གཞི་འགའ་ཞིག་གཉེར་གྱི་ཡོད་པ་རྣམས་རྒྱ་ནག་གི་མངའ་ཐང་དར་ཐབས་ཁོ་ན་རེད། རྒྱ་ནག་གིས་ལས་གཞི་དེ་རྣམས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཡིན་ལུགས་བཤད་ཀྱི་འདུག་ཅེས་བཀྲལ།།

རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མང་ཆེ་བར་འགྲོ་གྲོན་ཆེན་པོ་གཏོང་དགོས་ཤིང་། བལ་ཡུལ་ལྟ་བུའི་དབུལ་ཕོངས་རྒྱལ་ཁབ་ཅིག་གིས་རང་ངོས་ནས་འཛུགས་སྐྲུན་གྱི་འགྲོ་གྲོན་དེ་རྣམས་གཏོང་མི་ཐུབ། རྒྱ་ནག་ལ་བུ་ལོན་བསྐྱིས་ནས་འཛུགས་སྐྲུན་གྱི་ལས་གཞི་གཉེར་རྒྱུའི་ཐབས་ལམ་ཞིག་མཆིས་ཀྱང་རྒྱ་ནག་གི་བུ་ལོན་ལ་སྐྱེད་ཀ་མཐོ་དྲགས་པས་བལ་ཡུལ་གྱིས་འཇལ་ཐུབ་རྒྱུ་ཤིན་ཏུ་དཀའ། རྒྱ་ནག་གི་རྒྱལ་སྤྱིའི་བདེ་འཇགས་ལས་གཞི་ནི་རྒྱལ་སྲུང་དང་དམག་དོན་གྱི་གྲུབ་ཆ་ཞིག་ཡིན་པས་བལ་ཡུལ་གྱིས་ཕྱོགས་སྒྲིག་སྤངས་པའི་སྲིད་ཇུས་ཤིག་རྩ་འཛིན་བྱེད་བཞིན་ཡོད་པས་ཕན་ཐོགས་ཆུང་། རྒྱ་ནག་གིས་བལ་ཡུལ་ལ་རོགས་སྐྱོར་བྱས་ནས་འཛུགས་སྐྲུན་གྱི་འགྲོ་གྲོན་དེ་རྣམས་སྤྲོད་ཀྱི་མེད་པས་འཛུགས་སྐྲུན་གྱི་ལས་གཞི་ཁག་ཅིག་མཚམས་འཇོག་མི་བྱ་ཐབས་མེད་དུ་གྱུར། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཡུན་རིང་གི་རྒྱབ་དགོས། རྒྱ་ནག་གིས་སིངྒ་ལའི་ཧམ་བྷན་ཏ་ཏོ་གྲུ་ཁ་འཛུགས་སྐྲུན་བྱས་ནས་བུ་ལོན་ནང་དུ་ཚུད་པ་ལྟར་རྒྱལ་ཁབ་མང་པོར་ཧམ་བྷན་ཏ་ཏོའི་ཇུས་ཉེས་འབྱུང་གི་འདུག་ཅེས་གསལ་བཀྲོལ་བྱས་འདུག

ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ན་དགའ་འོས་པ་ཞིག་ལོས་ཡིན། འོན་ཀྱང་རྒྱ་ནག་སྟོབས་འབྱོར་དང་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་བར་ཕྱོགས་ཀུན་ཀུན་ཏུ་རྙབ་རྒྱུ་ཐལ་དྲགས་ན་སུ་ལའང་ཁེ་ཕན་མེད། རྒྱ་ནག་གི་ལེགས་སྐྱེས་ཡིན་ཟེར་ནས་རང་གི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བའི་ལས་གཞི་ཁག་ལ་མངའ་ཁུལ་དེའི་རྒྱལ་ཁབ་ཆུང་ཁག་རྣམས་མཉམ་ཞུགས་བྱེད་འདོད་མེད་པ་གསལ་པོ་རེད། བལ་ཡུལ་གྱི་སྲིད་དོན་པ་ཚོས་རྒྱ་ནག་ལ་བློ་ཁ་ཕྱོགས་པའི་སྲིད་ཇུས་ཤིག་འཛིན་ཐུབ་ཀྱང་དོན་དངོས་ལ་བལྟ་མི་ཐུབ་པའི་སྐྱོན་འབྱུང་ཤས་ཆེ། རྒྱ་ནག་གི་ཀུན་སློང་ལྷད་མེད་ཡིན་ཟེར་བ་ནི་བདེན་པ་མིན་པས་བལ་ཡུལ་དང་རྒྱ་ནག་གཉིས་ཀར་ཁེ་ཕན་མེད། བལ་ཡུལ་གྱི་དམར་ཤོག་ཚོགས་པ་རྣམས་གཅིག་ཏུ་བསྒྲིལ་ནས་སྲིད་གཞུང་འཛུགས་ཐབས་བྱས་ཀྱང་རྒྱ་ནག་གི་ཐེ་ཇུས་བྱས་ནས་མ་གྲུབ། དེ་ནས་བལ་ཡུལ་གྱི་སྤྱི་ཚོགས་སུ་རྒྱ་ནག་ལ་ལྟ་སྟངས་ངན་པ་ཞིག་བྱུང་བ་རེད་ཅེས་བཀྲལ།།

རྩོམ་ཡིག་དེར་བལ་ཡུལ་གྱིས་རྒྱ་ནག་ལ་སྲིད་འཛིན་པའི་འབྲེལ་བ་ནི་དྲང་པོ་ཞིག་རེད། བྷི་པི་ཀོ་རེ་ལའི་་དུས་ནས་རྒྱལ་པོ་གྷེ་ཉན་དྷ་རའི་བར་དུ་བལ་ཡུལ་གྱིས་རྒྱ་ནག་ལ་འཛིན་པའི་འབྲེལ་བ་དེར་འགྱུར་བ་མ་ཐེབས། བལ་ཡུལ་ལ་དཀའ་ངལ་ཅི་ཞིག་ཕྲད་ཀྱང་རྒྱ་ནག་ལ་འབྲེལ་བ་གཅིག་མཚུངས་བཟུང་། ༡༩༦༠་ཐམ་པའི་ལོར་ཀོ་ར་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་རྒྱ་ནག་མཚམས་སྦྱོར་ཤུགས་ཆེན་བྱས། ད་ལྟའི་བལ་ཡུལ་གྱི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་མེད་པར་ལྷག་བསམ་རྣམ་དག་རེད། འོ་ན་རྒྱ་ནག་གིས་བལ་ཡུལ་ལ་འཛིན་པའི་འབྲེལ་བ་དེ་ལྷག་བསམ་རྣམ་དག་ཅིག་རེད་དམ་ཞེས་དྲིས་ཚེ། དེ་ནི་ཡིན་པ་དང་མིན་པ་གཉིས་ཀ་རེད། རྒྱ་ནག་གིས་བལ་ཡུལ་ལ་འཛུགས་སྐྲུན་རོགས་རམ་བྱེད་ཀྱི་ཡོད་པ་བདེན་རུང་བལ་ཡུལ་གྱི་རྩ་དོན་ཁག་ལ་ཐུག་ན་རྒྱ་ནག་གིས་འགོག་རྐྱེན་བཟོ་བ་དང་སྟོབས་ཤུགས་གཅོག་གི་འདུག དཔེར་ན་བལ་ཡུལ་གྱིས་རྒྱ་ནག་གི་གྲུ་ཁ་བརྒྱུད་ནས་རྒྱལ་ཁབ་གཞན་ལ་ཚོང་འབྲེལ་འཛུགས་ཆོག་པའི་གྲོས་མཐུན་བཞག་མ་ཐག་ཏུ་རྒྱ་ནག་གིས་བལ་ཡུལ་ལ་ས་མཚམས་སྒོ་བརྒྱབ་པ་རེད་ཅེས་དཔེ་མཚོན་བགྲངས།།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ཕ་ཡུལ་དྲྭ་ཚིགས་སུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་བྱས་ནས་བོད་པ་བཙན་བྱོལ་བའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་བརྫིས་གཏོང་གི་འདུག བལ་ཡུལ་གཞུང་གིས་རང་གི་ས་ཐོག་ཏུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་དུས་སྟོན་ཁག་ལ་དམ་དྲག་བྱས་ནས་དཀའ་ངལ་ཚབས་ཆེན་ཞིག་མྱོང་གི་འདུག ༢༠༢༢་ལོར་བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་གོ་སྐབས་ཆུ་ཚོད་གཉིས་ལས་སྤྲད་མི་འདུག བལ་ཡུལ་གཞུང་གིས་བོད་པ་བཙན་བྱོལ་བའི་ཁྱིམ་ཚང་ཁག་དང་དགོན་སྡེ་ཁག གཞིས་ཆགས་ཁག་ལ་རྟོག་ཞིབ་དང་སྔོག་བཤེར་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག བོད་ནས་བཙན་བྱོལ་དུ་འབྱོར་བ་ཚོར་ངོ་སྦྱོར་ཡིག་ཆ་མི་སྤྲོད་པ་དང་སུན་གཙེར། ཐ་ན་ཁོ་ཚོ་བཀག་ཉར་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་འབྱུང་གི་འདུག་ཅེས་སྙན་ཐོ་བཏོན།།


ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཌ་ཀ་ཊི་རུ་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་སྲིད་བློན་ལི་ཆང་གི་མགྲོན་འབོད་ལྟར་ཟླ་བ་འདིའི་ཚེས་༢༢་ཉིན་བལ་ཡུལ་གྱི་སྲིད་བློན་པེ་ཅིང་དང་ཧང་ཀྲུག ཁྲུང་ཆིང་བཅས་རྒྱ་ནག་གི་གྲོང་ཁྱེར་༣་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པར་མ་ཟད། ཕྱིར་ལམ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཀྱི་འདུག བལ་ཡུལ་གྱི་སྲིད་བློན་དང་རྒྱ་ནག་གི་འགོ་ཁྲིད་ཚོས་འཕྲུལ་རིག་ཤེས་ཡོན་དང་ཞིང་ལས། ས་མཚམས་སྒོ་འབྱེད་སོགས་གྲོས་གཞི་འགའ་ཞིག་ལ་གྲོས་སྡུར་བྱ་རྒྱུའི་རྣམ་པ་མངོན། བོད་དང་བལ་ཡུལ་གཉིས་ལ་ས་མཚམས་སྤྱི་ལེ་༡༤༠༠་ཡས་མས་ཤིག་ཡོད་པས་རི་སུ་ཝ་གྷ་དྷི་དང་སྐྱིད་གྲོང་གི་འགག་སྒོ་ཕྱེ་ནས་སྐྱེལ་འདྲེན་དང་འགྲིམ་འགྲུལ་ཡར་རྒྱས་གཏོང་རྒྱུར་གྲོས་སྡུར་བྱ་འཆར་འདུག ཁ་སྔོན་ཕྱི་ཟླ་༦་པའི་ནང་སྲིད་བློན་དྷལ་རྒྱ་གར་དུ་འཚམས་འདྲིར་ཕེབས་ཏེ་རྒྱ་གར་ནས་བལ་ཡུལ་བར་དུ་མེ་འཁོར་ལྕགས་ལམ་སྒོ་འབྱེད། རྒྱ་གར་གྱིས་བལ་ཡུལ་དུ་མ་རྩ་བཙུགས་ནས་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་གྲོས་མཐུན་ཁག་ཅིག་བྱུང་། གཟའ་འཁོར་འདིར་སྲིད་བློན་དྷལ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་གྲུབ་འབྲས་ཅི་ཙམ་ཐོན་རྒྱུ་ཡིན་མིན་ཐད་ཉམས་ཞིབ་པ་ཚོས་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG