ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་རྒྱལ་སར་བསྐྱར་དུ་དུས་བཀག་གི་འགྲོ་འོང་བཀག་སྡོམ་བྱ་རྒྱུ། 


བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་རུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་བཞིན་པ།

༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་བལ་ཡུལ་ལ་ཁྱབ་སྟེ་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་ལ་བསྐྱར་དུ་དུས་བཀག་གི་འགྲོ་འོང་བཀག་སྡོམ་བྱ་དགོས་པའི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་དང་ཧི་མ་ལ་ཡའི་དུས་བབ་ཚགས་པར་གཉིས་ཀྱིས་བལ་ཡུལ་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ལྷག་པའི་བར་དུ་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་གཅིག་པུར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༧༨༧་བྱུང་ཡོད་པ་དང་བལ་ཡུལ་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༡༠༠༠་ལྷག་བྱུང་བ། ད་ལྟའི་བར་དུ་བལ་ཡུལ་གྱི་མི་༦༠་ཐམ་པར་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བ་དང་རྒྱལ་སའི་མངའ་ཁུལ་དུ་མི་༨༠༠་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་རྒྱལ་ཡོངས་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་མི་ཐུབ་པའི་མཚམས་སུ་མ་སླེབས་གོང་དུ་རྒྱལ་ས་ཀ་ཐ་མན་རྡུ་ལུང་གཤོང་དེར་སླར་ཡང་དུས་བཀག་གི་འགྲོ་འོང་བཀག་སྡོམ་བྱ་དགོས་ཞེས་བལ་ཡུལ་གཞུང་ལ་གྲོས་གཞི་བཏོན་འདུག
ད་ལོའི་ཕྱི་ཟླ་༣་པའི་༢༤་ནས་ཕྱི་ཟླ་༧་པའི་ཚེས་༢༠་བར་དུ་བལ་ཡུལ་རྒྱལ་ཡོངས་སུ་འགྲོ་འོང་བཀག ཕྱི་ཟླ་༧་པའི་ཚེས་༢༡་ནས་བལ་ཡུལ་གཞུང་གིས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་མོད། ད་ལྟ་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པས་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་འཕྲལ་དུ་འགྲོ་འོང་བཀག་སྡོམ་བྱེད་ན་དགེ་མཚན་ཆེ། བལ་ཡུལ་གཞུང་གིས་ང་ཚོའི་གྲོས་གཞི་ལ་ཉན་འཇོག་བྱེད་པའི་རེ་བ་ཡོད། གལ་སྲིད་བལ་ཡུལ་ལ་སླར་ཡང་འགྲོ་འོང་བཀག་སྡོམ་མ་བྱས་ན་རིམས་ནད་འདི་ཚབས་ཆེན་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་གསར་འགོད་པ་ཚོར་བཤད། ཁ་སྔོན་གཟའ་མིག་དམར་ཉིན་སྲིད་བློན་ཤར་མ་ཨ་ལིས་སྤྱི་དམངས་འཕྲོད་བསྟེན་མཁས་པ་ཚོ་དང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོར་བལ་ཡུལ་ལ་བསྐྱར་དུ་འགྲོ་འོང་བཀག་སྡོམ་བྱ་དགོས་མིན་གྲོས་སྡུར་བྱས་འདུག དེང་སྐབས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཆེན་པོ་ལངས་ཡོད་པ་དང་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་སྲིད་བློན་ཨོ་ལི་གནས་དབྱུང་གཏོང་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པ། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་གཉིས་ཁ་འཐོར་ན་རྒྱལ་ཁབ་དེར་སླར་ཡང་སྤྱི་ཡོངས་འོས་འདེམས་བྱ་དགོས་པ་བཅས་ཀྱིས་བལ་ཡུལ་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ནུས་པ་ཐོན་པ་ཞིག་བསྒྲུབ་རྒྱུ་དང་བསྐྱར་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་བཅས་ལ་རིག་པ་བསྒྲིམ་ཐུབ་ཀྱི་མེད་པ་རེད།།

བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་གྲོས་གཞིའི་ཁོངས་སུ་སྤྱི་དམངས་འགྲིམ་འགྲུལ་དང་མགྲོན་ཁང་། ཟ་ཁང་དང་ཆང་ཁང་། ལམ་ཟུར་གྱི་ཟས་རིགས་འཚོང་ཡུལ་ཁག་སོགས་མི་ཚོགས་འདུ་འཛོམས་བྱ་ཡུལ་ཁག་དང་སྤྱི་ཚོགས་རྒྱང་བཀྱེད་བྱེད་མི་ཐུབ་ས་རྣམས་སྒོ་རྒྱག་དགོས། ཟླ་བ་སྔོན་མར་བལ་ཡུལ་གཞུང་གིས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པའི་རྗེས་སུའང་རྩལ་སྦྱོང་ཁང་དང་མཛེས་ཉམས་ཁང་། སྐྲ་ཁང་དང་ཕུར་ཉེད་ཁང་སོགས་ཀྱིས་ཚོང་ལས་གཉེར་མི་ཆོག་པར་སྔར་བཞིན་སྒོ་རྒྱག་དགོས་པའི་ཐག་བཅད་ཀྱང་ཁྲིམས་འགལ་ཐོག་ཏུ་ཚོང་ལས་གཉེར་གྱི་འདུག གལ་སྲིད་བལ་ཡུལ་གཞུང་གིས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་ལག་ལེན་ནན་པོ་ཞིག་བསྟར་མ་ཐུབ་ན་བལ་ཡུལ་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་འདུག བལ་ཡུལ་གཞུང་གིས་མི་ཚོགས་འདུ་འཛོམས་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་རེད་ཅེས་བཀོད། ཀ་ཐ་མན་རྡུ་ལུང་གཤོང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱ་ཡུལ་སྨན་ཁང་ཁག་ནད་པས་གཏམས། དེས་ན་ཏོག་དབྱིབས་ནད་དུག་གི་ནད་པ་ལྕི་མོ་མིན་པ་རྣམས་སྨན་ཁང་གིས་ལེན་མ་ཐུབ་པར་རང་ཁྱིམ་ལ་ཟུར་འགོག་བྱས་ནས་དྲག་སྐྱེད་འབྱུང་རྒྱུའི་རེ་ལྟོས་འཆང་གི་ཡོད་ཅིང་། བལ་ཡུལ་གྱི་སྤྱི་དམངས་འཕྲོད་བསྟེན་མཁས་པ་ཚོས་ཁ་སྔོན་ཕྱི་ཟླ་༣་ནང་དུ་འགྲོ་འོང་བཀག་སྡོམ་བྱས་པའི་སྐབས་དེར་བལ་ཡུལ་རྒྱལ་ཡོངས་སུ་ངེས་གཏན་བྱུང་བའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཉིས་ལས་མེད། བལ་ཡུལ་ལ་དུས་ཡུན་ཟླ་བ་གསུམ་ལྷག་གི་རིང་དུ་འགྲོ་འོང་བཀག་པའི་རིང་དེར་ཟུར་འགོག་ཁང་དང་ནད་པ་ལོགས་སུ་འཇོག་ཁང་། སྨན་ཁང་ཁག་ལ་ཉལ་ཁྲི་འཐོལ་པ་གྲ་སྒྲིག་དང་འཕྲོད་བསྟེན་ལས་སྣེ་ཚོར་སྦྱོང་བརྡར། བལ་ཡུལ་རྒྱལ་ཡོངས་སུ་ནད་དུག་བརྟག་དཔྱད་ཀྱི་ལས་དོན་བསྒྲུབ་རྒྱུ་འཐུས་ཤོར་སོང་འདུག་ཅེས་སྐྱོན་བཙུགས།།
བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་བཏོན་པའི་གྲོས་གཞི་དེར་ནད་པ་ཉེན་སྐྱོབ་དང་མེ་གསོད། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ཛ་དྲག་གི་ལས་དོན་ལ་མཁོ་བའི་རླངས་འཁོར་སོགས་ལ་བཀག་སྡོམ་བྱ་མི་དགོས། སྤྱི་དམངས་ཀྱི་རླངས་འཁོར་རྣམས་དགོང་མོའི་ཆུ་ཚོད་༩་པ་ནས་ཐོ་རེངས་ཆུ་ཚོད་༥་པའི་བར་དུ་འགྲིམ་འགྲུལ་འགོག་དགོས། དགོང་མོའི་ཆུ་ཚུད་༧་པ་ནས་ཞོགས་པའི་ཆུ་ཚོད་༧་པའི་བར་དུ་གྲོང་ཁྱེར་ཕྱི་ལོགས་ཀྱི་རླངས་འཁོར་རྣམས་རྒྱལ་སའི་མངའ་ཁུལ་དུ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་དགོས། བལ་ཡུལ་གཞུང་གིས་ཆོག་མཆན་མེད་པར་རྒྱལ་སྤྱིའི་འགྲུལ་པ་རྣམས་ཀྱང་བལ་ཡུལ་བརྒྱུད་ནས་འགྲོ་འོང་བྱེད་ཀྱི་ཡོད་པ་དེར་ཚོད་འཛིན་ནན་པོ་བྱ་དགོས། མི་ཚོགས་འདུ་འཛོམས་དང་གསོལ་སྟོན་ལ་མི་ཚོགས་མགྲོན་འབོད་བྱེད་པ། ཟ་ཁང་དང་མགྲོན་ཁང་ཁག་ཏུ་ཚོགས་འདུ་འཚོགས་མི་ཆོག་པའི་བཀག་སྡོམ་བྱ་དགོས། གལ་སྲིད་སྤྱི་དམངས་ཀྱི་འཕྲོད་བསྟེན་སྲུང་སྐྱོབ་དང་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཁྲིམས་ལ་འགལ་འཛོལ་བྱེད་མཁན་བྱུང་ཚེ། མི་དེ་ཚོར་ངེས་པར་དུ་དངུལ་སྒོར་གྱི་ཆད་པ་གཅོད་རྒྱུ་དང་ཁྲིམས་གཅོད་བྱ་དགོས་ཞེས་བཀོད་འདུག བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་དེར་ཕྱི་ཟླ་༨་པའི་ཚེས་༦་ཉིན་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༨༡་ཐོན་ཡོད་པ་དང་ད་ལྟའི་བར་དུ་བལ་ཡུལ་གཞུང་གིས་མི་༤༡༢༩༥༣་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཟིན། འདས་པའི་ཆུ་ཚུད་༢༤་རིང་ལ་མི་༦༤༥༩་ལ་བརྟག་དཔྱད་བྱས་པ་ཡིན། བལ་ཡུལ་རྒྱལ་ཡོངས་སུ་མི་༩༩༢༥་ཟུར་འགོག་བྱས་ཡོད། མི་༦༡༧༤་ལོགས་སུ་བཀར་ཏེ་སྨན་བཅོས་བྱེད་ཀྱི་ཡོད་ཅེས་གནས་ཚུལ་བཀོད་འདུག
བལ་ཡུལ་ལ་ཁྱོན་བསྡོམས་མི་འབོར་༢༩༠༠༠༠༠༠་མ་ཟིན་ཙམ་ཞིག་ཡོད་པ་དེའི་ཁོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་༢༡༠༠༠་ལྷག་བྱུང་བ་དང་མི་༦༠་ཐམ་པར་མ་གཏོགས་འཆི་སྐྱོན་བྱུང་མེད་པ་ནི་སྟབས་ལེགས་དང་ངོ་མཚར་སྐྱེ་དགོས་པ་ཞིག་ཡིན་པར་མ་ཟད། བལ་ཡུལ་གྱི་མི་འབོར་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཞན་པ། མི་འབོར་མང་ཆེ་བ་གྲོང་གསེབ་ཁག་ཏུ་འཚོ་གནས་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བལ་ཡུལ་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་དེ་རྣམས་ཡིད་རྟོན་རུང་བའི་གཞི་གྲངས་ཤིག་ཡིན་ནམ། བལ་ཡུལ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པར་བརྟག་དཔྱད་དང་རྩད་གཅོད་གསལ་པོ་ཞིག་བྱུང་ཡོད་མེད། ལྷག་པར་དུ་ལྷོ་ཨེ་ཤི་ཡར་ཆར་ཞོད་ཀྱི་དུས་སྐབས་འགོ་ཚུགས་ཡོད་པའི་དུས་འདིར་འཕྲོད་བསྟེན་ལས་སྣེ་ཚོ་བལ་ཡུལ་གྱི་གྲོང་གསེབ་ཁག་ལ་བརྟག་དཔྱད་བྱེད་དུ་བསྐྱོད་ཐུབ་ཀྱི་ཡོད་མེད། བལ་ཡུལ་དབུས་གཞུང་དང་མངའ་སྡེ། རྫོང་དང་གྲོང་གསེབ་སོགས་རིམ་པའི་གཞུང་འབྲེལ་མི་སྣ་རྣམས་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པས་རིམས་ནད་སྔོན་འགོག་གི་འགྲོ་གྲོན་རྣམས་དམིགས་སྒོ་ཁག་ལ་ཚུལ་བཞིན་གཏོང་གི་ཡོད་མེད། ད་དུང་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཡོད་པ་ཆེ་རུ་ཕྱིན་ནས་སྲིད་གཞུང་འཐོར་ཚེ། བལ་ཡུལ་ལ་སྤྱི་ཡོངས་འོས་འདེམས་བྱ་རྒྱུ་དེར་སྲིད་དོན་ཚོགས་པ་ཁག་དང་འགོ་ཁྲིད་ཚོ་མགོ་འཁོར་ནས་ཚབས་ཆེའི་ནད་ཡམས་འདིར་སྔོན་འགོག་ནུས་པ་ལྡན་པ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་རེད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG