ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་དུ་རྒྱ་ནག་གི་སྤྱི་དམངས་༡༢༢་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་སྤྱི་ཟླ་༡༢་པའི་ཚེས་༢༣་ཉིན་བལ་ཡུལ་གྱི་ཉེན་རྟོག་པས་རྒྱ་ནག་གི་སྤྱི་དམངས་༡༢༢་འཛིན་བཟུང་བྱས་འདུག རྒྱ་ནག་གི་སྤྱི་དམངས་དེ་རྣམས་འཛིན་བཟུང་བྱ་དགོས་པའི་རྒྱུ་མཚན་ནི་དྲྭ་ལམ་དུ་ཁྲིམས་འགལ་གྱི་དངུལ་སྒོར་གཡོ་ལེན་བྱས་པའི་ཉེས་འཛུགས་བྱས་འདུག བལ་ཡུལ་གྱི་ལོ་རྒྱུས་སུ་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཚོས་བལ་ཡུལ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཚབས་ཆེ་ཤོས་དེ་རེད་ཅེས་བལ་ཡུལ་གྱི་ཉེན་རྟོག་པས་གསལ་བཤད་བྱས་འདུག

རོ་ཡེ་ཊར་གསར་འགྱུར་ལས་ཁང་སོགས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་ཉེན་རྟོག་པས་ཕྱི་ཚེས་༢༣་ཉིན་མི་སྒེར་གྱི་སྡོད་ཁང་གསུམ་ལ་གློ་བུར་དུ་སྔོག་བཤེར་བྱས་ནས་རྒྱ་ནག་གི་སྤྱི་དམངས་ཕོ་མོ་གཉིས་ཀ་བསྡོམས་པའི་མི་༡༢༢་འཛིན་བཟུང་བྱས་ཡོད་པའི་གྲས་སུ་མང་ཆེ་བ་ཞིག་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཐོག་ཏུ་བལ་ཡུལ་ཏུ་ལྷགས། ཁོ་ཚོ་རེ་ཟུང་ཞིག་གིས་སློབ་ཕྲུག་གི་ཐོངས་མཆན་བླངས་ནས་བལ་ཡུལ་དུ་ཡོང་བ་ཞིག་ཡིན་ཞིང་། ད་ལྟ་མི་དེ་ཚོ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་ཉེན་རྟོག་ལས་ཁང་དུ་བཀག་ཉར་བྱས་ཡོད་པར་མ་ཟད། མི་རིང་བར་བལ་ཡུལ་གྱི་ཁྲིམས་ཁང་གིས་རྒྱ་ནག་གི་སྤྱི་དམངས་དེ་ཚོར་ཉེས་ཆད་གཅོད་རྒྱུའི་གནས་ཚུལ་ཐོན་འདུག

ཀ་ཐ་མན་རྡུའི་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་གྱིས་བཤད་པ་ལྟར་ན་རྒྱ་ནག་གི་སྤྱི་དམངས་༡༢༢་འཛིན་བཟུང་བྱས་ཡོད་པ་དེ་དག་གིས་དྲྭ་ལམ་དུ་མི་ལ་མགོ་སྐོར་བཏང་སྟེ་བལ་ཡུལ་གྱི་དངུལ་ལེན་མ་ལག་ནང་དུ་འཛུལ་ཐབས་བྱས་པ་སོགས་ཀྱི་ཁྲིམས་འགལ་བྱས་འདུག བལ་ཡུལ་གཞུང་གིས་ཐེངས་དང་པོར་བལ་ཡུལ་དུ་ཕྱིའི་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཁྲིམས་འགལ་བྱས་ནས་འཛིན་བཟུང་བྱས་པའི་གྲངས་ཀ་ཆེས་མང་ཤོས་དེ་ཡིན་ཟེར། ཡང་བལ་ཡུལ་དབུས་ཞིབ་བཤེར་སྡེ་ཚན་གྱི་འགན་འཛིན་ཤ་ཧེས་རྒྱ་ནག་གི་སྤྱི་དམངས་དེ་ཚོས་བལ་ཡུལ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པ་ཤེས་མ་ཐག་ཏུ་ཟླ་བ་ཁ་ཤས་ཀྱི་རིང་ལ་མི་དེ་ཚོར་ལྟ་རྟོག་བྱས་པ་ཡིན། ང་ཚོས་རྒྱུན་རིང་ལ་བརྟག་དཔྱད་བྱས་པའི་རིང་དུ་དོ་བདག་དེ་དག་གིས་དོགས་པ་བྱེད་དགོས་པའི་ལས་དོན་ཁག་ཅིག་བསྒྲུབས་སོང་། མཐའ་མར་ཁོ་ཚོས་གླས་ཡོད་པའི་སྡོད་ཁང་པའི་ནང་དུ་འཛིན་བཟུང་བྱས་པར་མ་ཟད། ལག་འཁྱེར་རྩིས་འཕྲུལ་དང་རྩིས་འཕྲུལ་ཆེ་བ། ཁ་པར་སོགས་འཕྲུལ་ཆས་བརྒྱ་ལྷག་ཀྱང་ལག་སོན་བྱུང་སོང་ཞེས་བཤད་འདུག

ད་ལྟ་བལ་ཡུལ་ཉེན་རྟོག་སྡེ་ཚན་གྱིས་རྒྱ་ནག་གི་སྤྱི་དམངས་དེ་དག་གི་ཕྱིར་སྐྱོད་ལམ་ཡིག་གཞུང་བཞེས་བཏང་ནས་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་ཅིང་། དེ་རིང་སྤྱི་ཚེས་༢༤་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲོང་ལ་གསར་འགོད་ལྷན་ཚོགས་ཐོག་ཏུ་དྲི་བ་བཏོན་པར་ཁོ་པས་མི་དེ་ཚོས་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་དྲྭ་ལམ་ནས་མགོ་སྐོར་གཏོང་རྒྱུའི་ལས་དོན་བསྒྲུབས་འདུག འདི་ནི་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ཉེན་རྟོག་སྡེ་ཚན་གྱིས་མཉམ་འབྲེལ་བྱས་ནས་བསྒྲུབས་པའི་ལས་དོན་ཞིག་ཡིན། རྒྱ་ནག་གཞུང་གིས་མ་འོངས་པར་མུ་མཐུད་དུ་བལ་ཡུལ་ལ་ཁྲིམས་ལུགས་ལག་བསྟར་སོགས་འདུས་པའི་ལས་སྒོ་མང་པོ་ཞིག་ལ་མཉམ་འབྲེལ་བྱེད་རྒྱུ་ཡིན། མཉམ་འབྲེལ་གྱི་ཐོག་ནས་སོ་སོའི་རྒྱལ་ཁོངས་བརྒལ་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ཚོ་མེད་པར་བཏང་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་ནུས་ཤུགས་འདོན་རྒྱུ་ཡིན་ཅེས་བཤད་འདུག

རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་༡༩༥༥་ལོ་ནས་བཟུང་སྟེ་ཕྱི་འབྲེལ་བཙུགས། དེའི་རྗེས་སུ་བལ་ཡུལ་གཞུང་གིས་བོད་རྒྱ་ཁོངས་ཡིན་པ་ངོས་ལེན་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་འཐུས་མིའི་དབང་ཆ་སླར་གསོ་བྱེད་དགོས་པ་སོགས་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་ལ་བསྟུན་མཁས་བྱེད་བཞིན་ཡོད་ཅིང་། ད་ལོའི་སྤྱི་ཟླ་༡༠་པར་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་བལ་ཡུལ་དུ་འཚམས་འདྲིར་ཡོང་ནས་བལ་ཡུལ་གྱི་སྲིད་འཛིན་དང་ལྷན་དུ་མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་ལས་དོན་མང་པོ་ཞིག་མཉམ་སྒྲུབ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

XS
SM
MD
LG