ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་རྒྱའི་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ལག་ལེན་བསྟར་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ན་ནིང་ཕྱི་ཟླ་༡༠་པར་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ས་མཚམས་འཛིན་སྐྱོང་གི་གྲོས་མཐུན་ཞིག་བཞག གྲོས་མཐུན་དེའི་ཁོངས་སུ་སྐྱེ་བོ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་བཅུག་སྟེ་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ནས་འགྲོ་སྐྱོད་བྱེད་མཁན་ཕྱོགས་གཉིས་ཀྱི་སྤྱི་དམངས་རྣམས་ས་མཚམས་སུ་འཛིན་བཟུང་བྱ་དགོས། དེ་ནས་སྐྱེ་བོ་དེ་དག་གི་རང་རང་གི་འབྲེལ་ཡོད་རྒྱལ་ཁབ་དེའི་མཐའ་མཚམས་སྲུང་དམག་ལ་རྩིས་སྤྲོད་བྱ་དགོས་ཞེས་གྲོས་མཐུན་གྱི་ཟིན་བྲིས་སུ་བཀོད། ཁ་སང་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་དེ་མྱུར་དུ་ལག་ལེན་བསྟར་འཆར་ཡོད་ཅེས་བཤད་འདུག

རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མིང་རྟགས་བཀོད་པའི་ས་མཚམས་འཛིན་སྐྱོང་གི་གྲོས་མཐུན་དེར་ཕྱོགས་གཉིས་ཀྱི་སྤྱི་དམངས་གང་ཞིག་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ནས་འགྲོ་སྐྱོད་བྱེད་ཚེ། རྒྱ་ནག་དང་བལ་ཡུལ་གྱི་ས་མཚམས་སྐུ་ཚབ་བམ། ཡང་ན་དབང་ཚད་ཡོད་པའི་ཕྱོགས་གཉིས་ཀྱི་ས་མཚམས་ལས་སྣེ་ཚོས་སྐྱེ་བོ་དེར་ཞིབ་འཇུག་བྱས་ནས་ངོ་ཐག་གཅོད་དགོས། མི་དེ་ས་མཚམས་བརྒལ་ནས་འགྲོ་སྐྱོད་བྱེད་དོན་ཅི་ཡིན་དང་རྒྱུ་མཚན་སོགས་འདྲི་ཞིབ་བྱ་དགོས། སྐྱེ་བོ་དེ་བཀག་ཉར་བྱས་ནས་ཉི་མ་བདུན་གྱི་ནང་ཚུད་དུ་རང་ཡུལ་གྱི་ས་མཚམས་སྲུང་དམག་ལ་རྩིས་སྤྲོད་བྱ་དགོས་ཞེས་བཀོད།

བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་མིང་འདོན་མ་བྱས་པ་ཞིག་གིས་ཀ་ཐེ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ང་ཚོ་ཕྱོགས་གཉིས་ཀས་གྲོས་མཐུན་དེ་ལག་ལེན་བསྟར་ཕྱོགས་ཀྱི་ཞིབ་ཆ་ཁག་ལ་གྲོས་བསྡུར་བྱེད་བཞིན་ཡོད། ད་དུང་ཉུང་མཐར་ཡང་གྲོས་མཐུན་དེ་དངོས་སུ་ལག་ལེན་བསྟར་པར་ཟླ་བ་གཅིག་ཡས་མས་ཤིག་འགོར་ས་རེད་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་ས་མཚམས་འཛིན་སྐྱོང་གི་གྲོས་མཐུན་ཞིག་བཞག་པའི་དམིགས་ཡུལ་ནི་མ་འོངས་པར་ཕྱོགས་གཉིས་ཀྱི་ས་མཚམས་ཁག་ལ་འགག་སྒོ་མང་ཙམ་སྒོ་འབྱེད་བྱ་རྒྱུ་དང་ཕྱོགས་གཉིས་ཀྱི་མི་མང་རྣམས་ས་མཚམས་བརྒལ་སྐྱོད་བྱ་རྒྱུ་སྟབས་བདེ་རུ་གཏོང་གི་ཡོད་པ་ཞིག་ཡིན་སྲིད། ཡིན་ནའང་གྲོས་མཐུན་དེའི་ཤུགས་རྐྱེན་གཙོ་བོ་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་གི་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོར་འཕྲད་རྒྱུ་ཡིན་ཞིང་། བལ་ཡུལ་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་གིས་བོད་པ་བཙན་བྱོལ་བ་རྣམས་བལ་ཡུལ་ནས་རྒྱ་གར་ལ་གཏོང་གི་ཡོད་པ་འགག་རྒྱུ་རེད་ཅེས་གླེང་།

དུས་རབས་སྔོན་མའི་ལོ་རབས་༨༠་ནང་དུ་བལ་ཡུལ་དང་ཨ་མི་རི་ཀས་གྲོས་མཐུན་བཞག་སྟེ་བལ་ཡུལ་གཞུང་གིས་རང་གི་ས་ཐོག་ཏུ་འབྱོར་བའི་བོད་པ་བཙན་བྱོལ་བ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་གི་མཐའ་སྲུང་དམག་ལ་རྩིས་སྤྲོད་བྱ་རྒྱུ་མིན། ཁོ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལྷན་ཁང་ལ་རྩིས་སྤྲོད་བྱས་ནས་རྒྱ་གར་ལ་གཏོང་རྒྱུའི་ཁས་ལེན་བྱས་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་བལ་ཡུལ་ལ་རྒྱ་ནག་གི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བལ་ཡུལ་བརྒྱུད་ནས་བོད་པ་བཙན་བྱོལ་བ་རྣམས་རྒྱ་གར་ལ་ཡོང་རྒྱུ་ཇེ་ཉུང་དུ་སོང་། སྔ་ལོ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་བལ་ཡུལ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པར་མ་ཟད། ད་ལྟ་རྒྱ་ནག་གིས་བལ་ཡུལ་གཞུང་ལ་གྲོས་མཐུན་དེ་མགྱོགས་མྱུར་གྱིས་ལག་ལེན་བསྟར་དུ་འཇུག་གི་ཡོད་ཅིང་། བལ་ཡུལ་གྱི་ཉམས་ཞིབ་པ་ཚོས་ས་མཚམས་འཛིན་སྐྱོང་གི་གྲོས་མཐུན་དེ་རྒྱ་ནག་གི་དགོས་མཁོ་སྒྲུབ་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་ཀྱང་བལ་ཡུལ་གཞུང་གིས་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་ནི་ཧ་ཅང་མ་འོས་པ་ཞིག་རེད། སྐྱེ་བོ་གང་ཞིག་བལ་ཡུལ་གྱི་ས་མཚམས་སྲུང་དམག་གིས་འཛིན་བཟུང་བྱས་ནས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་རྩིས་སྤྲོད་བྱས་ཚེ། སྐྱེ་བོ་དེར་བདེ་འཇགས་ཡོད་མེད་དང་བཙོན་འཇུག་གི་ཉེས་ཆད་འཕོག་རྒྱུ་ཡིན་མིན། མི་དེར་མནར་གཅོད་འཕོག་རྒྱུ་ཡིན་མིན་སོགས་ཀྱི་མཇུག་འབྲས་ལ་བསམ་བློ་མ་བཏང་བ་འདྲ། བལ་ཡུལ་ནི་དམངས་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་མཁན་རྒྱལ་ཁབ་ཅིག་ཡིན་པས་སྐྱེ་བོ་གང་ཞིག་ས་མཚམས་སུ་འཛིན་བཟུང་བྱས་ནས་རྩིས་སྤྲོད་བྱས་ན་མི་དེའི་བདེ་འཇགས་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།

བལ་ཡུལ་གྱི་ཕྱི་འབྲེལ་མི་སྣ་ཟུར་པ་བྷ་ཏ་ར་ཡེ་ཞེས་པ་ཞིག་གིས་ང་ཚོས་ཐོག་མཐའ་བར་གསུམ་དུ་བལ་ཡུལ་གྱི་ས་གནས་གང་ཞིག་ཡིན་རུང་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ལས་འགུལ་སྤེལ་དུ་འཇུག་རྒྱུ་མིན་ཞེས་ཁས་ལེན་བྱས་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དུ་བཅུག་པ་དེ་ལ་བལྟས་ན་བལ་ཡུལ་གྱི་ཁས་ལེན་དམ་བཅའ་དེ་ཚོར་རྒྱ་ནག་ཡིད་ཆེས་མེད་པ་དང་། བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་འབྱུང་སྲིད་པའི་འཇིགས་སྣང་ཡོད་པ་མཚོན་ཐུབ་ཅེས་བཤད། ཞིས་ཅིན་ཕིང་གི་འཚམས་འདྲིའི་རྗེས་སུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་བཞག་པའི་ཞིབ་ཆ་ཁག་མང་ཚོགས་ལ་གཏན་ནས་ཕྱིར་བསྒྲགས་བྱེད་ཀྱི་མེད། ༡༩༥༩་ནས་བོད་པ་བཙན་བྱོལ་བ་ཁྲི་ཚོ་༡་དང་ཕྱེད་ཀ་ཙམ་བལ་ཡུལ་དུ་གནས་འཁོད་བྱེད་ཡོད་པ་དེ་རྣམས་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་ཁོངས་སུ་འདུས་ཡོད་མེད། གལ་སྲིད་བོད་པ་བཙན་བྱོལ་བ་ཚོས་སྔར་བཞིན་བལ་ཡུལ་གྱི་ས་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ན་བོད་པ་བཙན་བྱོལ་བ་དེ་རྣམས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། དབུས་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་སྐྱེ་བོ་རྩི་སྤྲོད་ཀྱི་གྲོས་མཐུན་དེ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་སྟེང་ལ་ལག་ལེན་བསྟར་དུ་འཇུག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

ཟླ་བ་སྔོན་མར་བལ་ཡུལ་གྱི་ཉེན་རྟོག་པ་ཚོས་རྒྱ་ནག་གི་སྤྱི་དམངས་༡༢༢་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲད། བལ་ཡུལ་གྱི་ཉེན་རྟོག་ལས་ཁང་གི་མཐོ་རིམ་ལས་སྣེ་ཚོས་ང་ཚོར་རྒྱ་ནག་གི་སྤྱི་དམངས་དེ་ཚོས་ཁྲིམས་འགལ་བྱེད་ཀྱི་ཡོད་པའི་དོགས་པ་ཞིག་ལས་མེད། འོན་ཀྱང་རྒྱ་ནག་གཞུང་གིས་མི་དེ་ཚོ་འཛིན་བཟུང་བྱ་དགོས་པའི་དགོས་འདུན་བཏོན་པ་ལྟར་ང་ཚོས་རྒྱ་ནག་གི་སྤྱི་དམངས་དེ་རྣམས་འཛིན་བཟུང་བྱས་ནས་རྩིས་སྤྲོད་བྱས་པ་ཡིན་ཞེས་བཤད། དེར་བརྟེན་མ་འོངས་པར་རྒྱ་ནག་གཞུང་གིས་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་ནག་ཉེས་འདྲ་མིན་ཞིག་བཙུགས་ཏེ། ཁོ་ཚོ་འཛིན་བཟུང་བྱ་དགོས་ཞེས་བལ་ཡུལ་གཞུང་ལ་དགོས་འདུན་བཏོན་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་དུ་འཇུག་སྲིད་པའི་ཉེན་ཁ་ཡོད། རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མིང་རྟགས་བཀོད་པའི་སྐྱེ་བོ་རྩིས་སྤྲོད་ཀྱི་གྲོས་མཐུན་དེའི་ཡུན་ཚད་ལོ་༡༠་ཡིན་ཞིང་། ལོ་བཅུའི་རྗེས་སུ་ཕྱོགས་གང་ཞིག་གིས་གྲོས་མཐུན་དེར་སྒྱུར་བཅོས་དང་འཕྲི་སྣོན། ཡང་ན་གྲོས་མཐུན་དེ་དགོས་མཁོ་མི་འདུག་ཅེས་གྲོས་མགོ་མ་བཏོན་ན་གྲོས་མཐུན་དེ་རང་བཞིན་གྱིས་སླར་ཡང་ལོ་བཅུའི་ཡུན་ཚད་ཕར་འགྱངས་འགྲོ་དགོས་ཞེས་གྲོས་མཐུན་གྱི་ཚིག་ཟིན་དུ་བཀོད་དོ།།

XS
SM
MD
LG