ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༦༢་པར་སྲུང་བརྩི།


༄༅།། དེ་རིང་གི་ཉིན་མོ་ནི་མི་ལོ་༦༢་གི་གོང་དུ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སྐྱ་སེར་རྒན་གཞོན་དབྱེ་བ་མེད་པར་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་བོད་པ་་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་ཉིན་མོ་དེ་ཡིན་ཞིང་། ཉིན་མོ་འདི་ནི་བོད་པ་བཙན་བྱོལ་བ་ཚོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ཀྱང་ཡིན་འདུག དེ་རིང་བཀའ་སྤྱི་གཉིས་ཀྱིས་འདས་པའི་ལོ་ངོ་དེ་དག་རིང་ལ་བོད་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་བ་ཚོར་རྗེས་དྲན་དང་བོད་པའི་བློས་གཏོང་རྣམས་ནམ་ཡང་ཆུད་ཟོས་སུ་འགྲོ་ཐབས་མེད་ཅེས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་སྲིད་སྐྱོང་བློ་བཟང་སེངྒེ་གཉིས་ཀྱིས་གསུང་བཤད་གནང་སོང་།།

ད་ལོ་ཏོག་དབྱིབས་ཁྱབ་ནད་དུ་ཁྱབ་གདལ་གྱིས་ས་གནས་ཁག་གི་བཀོད་ཁྱབ་ལ་བརྩི་སྲུང་ཞུ་དགོས་པས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་དྲུང་གཞོན་ཡན་ཆད་ཀྱི་སྲི་ཞུ་ལས་བྱེད་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་བཅས་གངས་ཅན་སྐྱིད་གཤོངས་སྲིད་སྐྱོང་ཚོགས་ཁང་དུ་ལྷན་ཚོགས་ཀྱིས་མཛད་སྒོ་ཚོགས་ཏེ་སྲིད་སྤྱི་གཉིས་ཀས་ཕྱི་ལོ་༡༩༥༩་ལོར་རྒྱ་གཞུང་གི་དམག་དཔུང་གིས་བོད་བཙན་འཛུལ་བྱས་པ་ནས་བཟུང་། ད་ལྟའང་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་པར་མ་ཟད། ད་དུང་གཞིས་ལུས་མི་དམངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་ཉར་འཛིན་བྱེད་ཆོག་པའི་ཐོབ་ཐང་མེད་པར་བཙོན་འཇུག་དང་སྡུག་སྦྱོར་གནར་གཅོད་མྱོང་གི་ཡོད་པ་རྣམས་འཛམ་གླིང་རྒྱལ་ཁབ་ཁག་གི་སྙན་ཐོའི་ནང་དུ་བོད་ནི་འཛམ་གླིང་འདིར་རང་དབང་ཆེས་ཆུང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད་ཅེས་འཁོད་ཡོད་པ་རྣམས ངོ་སྤྲོད་གནང་སོང་།།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་ལོ་ངོ་དེ་དག་གི་རིང་ལ་བོད་རྒྱའི་དཀའ་རྙོག་སེལ་པར་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ནས་བོད་རྒྱ་གྲོལ་མོལ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་རྒྱ་གཞུང་གིས་ཡ་ལན་མ་བྱས་པར་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་སྣ་ཚོགས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགོག་ཐབས་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཞེས་བསྒྲགས། བཀའ་ཤག་གི་གསུང་འཕྲིན་ནང་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་སྤྱི་དང་། ཁྱད་པར་དུ་མ་འོངས་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་སྟེ་ཨ་རིའི་གྲོས་ཚོགས་སོགས་ཀྱིས་སྲིད་ཇུས་གཏན་འབེབས་བྱུང་བར་ཐུགས་རྗེ་ཆེ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་བཞག་གནང་རྒྱུའི་རེ་བ་ཡོད། ༢༠༢༠་ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག བོད་ལ་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་ཡིག་བཅས་པ་ལག་བསྟར་དོན་འཁྱོལ་ཡོང་བའི་ཡིད་ཆེས་དང་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་པ་ཚོ་ནང་ཁུལ་དུ་མཐུན་སྒྲིལརྡོག་རྩ་གཅིག་སྒྲིལ་དགོས་པ་གལ་གནད་ཆེན་པོ་ཡིན་ཞེས་བཀོད་འདུག གཞུང་འབྲེལ་གྱི་མཛད་སྒོའི་ཐོག་ཏུ་བཀའ་སྤྱི་གཉིས་ཀས་རིང་མིན་བསླེབ་ལ་ཉེ་བའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་སུ་བོད་པ་ཚང་མས་བཟང་སྤྱོད་ཀྱི་སྒོ་ནས་འོས་འདེམས་ལ་མཉམ་ཞུགས་གནང་དགོས་པའི་ལམ་སྟོན་གནང་ཡོད་ཅིང་།

གཞུང་འབྲེལ་གྱི་མཛད་སྒོ་གྲུབ་པའི་རྗེས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་དབུ་ཁྲིད་ནས་བོད་པ་བརྒྱ་ཕྲག་བརྒལ་བ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་སྣ་ཚོགས་བཀོད་པའི་ཡིག་བྱང་བཟུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་ནས་ཀ་ཅ་རི་བར་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG