ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འབར་མའི་འཁྲུག་རྩོད་དང་རྒྱལ་ཁབ་ཀྱི་ཆེ་མཐོང་།


ཁ་སྔོན་ཕྱི་ཟླ་༣་ཚེས་༢༠་ནས་བཟུང་། འབར་མའི་དབུས་ཕྱོགས་ཀྱི་གྲོང་རྡལ་འགའ་ཞིག་གི་ཁ་ཆེ་སྐྱབས་བཅོལ་བའི་སྡོད་ཁང་དང་ལྷ་ཁང་མང་དག་ཅིག་མེར་སྲེག་བཏང་སྟེ། མི་༤༣་ལ་སྲོག་སྐྱོན་ཕོག་པའི་རྗེས་སུ་འབར་མའི་གཞུང་གིས་ཛ་དྲག་གི་སྒྲིག་ཁྲིམས་བསྡམས་ནས་ས་གནས་ཁག་ཅིག་ལ་འགྲིམ་འགྲུལ་བཀག་འགོག་བྱེད་དགོས་ཐུག་ཅིང་། ཕྱི་ཟླ་༤་ཚེས་༡་ཉིན་འབར་མའི་སྲིད་འཛིན་གྱིས་རྒྱལ་ཡོངས་རླུང་འཕྲིན་ཐོག་ཏུ་གཏམ་བཤད་བྱས་པ་ལྟར་ན། མི་ཁག་ཅིག་གིས་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་ལ་བརྩི་མེད་བཏང་ནས་མི་གསོད་ཁྲག་སྦྱོར་དང་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པས། ཁོ་ཚོའི་བྱ་སྤྱོད་དེས་རྒྱལ་སྤྱིའི་སྤྱི་ཚོགས་སུ་འབར་མའི་ཆེ་མཐོང་དང་གཟི་བརྗིད་གཉིས་ཀར་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། སྡེ་གྲོང་ནང་ཁུལ་གྱི་འཐབ་འཁྲུག་དེ་དག་གིས་འབར་མ་དམངས་གཙོའི་ཕྱོགས་སུ་སྐྱོད་ཐབས་བྱེད་བཞིན་པའང་འགོག་རྐྱེན་འཕྲད་སྲིད་པའི་ཉེན་ཀ་ཡོད། འབར་མའི་ཟིང་འཁྲུག་འདི་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་དང་སྲིད་དོན་གྱི་སྐབས་འཚོལ་རིང་ལུགས་པ་ཚོས་ཆེད་དུ་བསླངས་པ་ཞིག་ཡིན་ཞིང་། ཀུན་སློང་ངན་པ་བཅངས་ནས་མི་མང་གི་ཞི་བདེའི་འཚོ་བར་གཏོར་བརླག་བྱེད་མཁན་དེ་ཚོར་འབར་མའི་གཞུང་གིས་ཁྲིམས་གཅོད་དྲག་པོ་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG