ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གུ་ཁེ་ལེ་ལ་ཁྲིམས་བཤེར་ཚར་ཏེ་ཁྲིམས་ཐག་གཅོད་རྒྱུར་སྒུག


རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ནང་དུ་ལོ་ངོ་བཅུ་ཕྲག་གསུམ་ལྷག་ལ་བྱུང་མྱོང་མེད་པའི་ཁྲིམས་བཤེར་ཏེ། ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་པའོ་ཤི་ལེའི་ཆུང་མ་གུ་ཁེ་ལེ་ལ་མི་བསད་པའི་ནག་ཉེས་ཐོག་ཏུ་ཆབ་སྲིད་ཀྱི་རྣོ་ངར་ཆེ་བའི་ཁྲིམས་བཤེར་ཞིག་བྱས་པ་དང་། གུ་ཁེ་ལེའི་ཁྲིམས་བཤེར་དེ་དུས་ཡུན་ཆུ་ཚོད་༧་གྱི་ནང་དུ་མཇུག་བསྒྲིལ་བྱས་ཀྱང་། ཁོང་ལ་མི་བསད་པའི་ནག་ཉེས་ཐོག་ཏུ་སྲོག་ཁྲིམས་དང་ཚེ་བཙོན། ཡང་ན་ལོང་མང་གི་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་ཅི་ཞིག་གཅོད་རྒྱུ་ཡིན་མིན་གསལ་བསྒྲགས་བྱས་མེད་པ་དང་། ཧེ་ཧྥི་ཁྲིམས་ཁང་གི་ལས་སྣེ་ཞིག་གིས་གུ་ཁེ་ལེ་ལ་ཁྲིམས་བཤེར་བྱས་ཚར་པ་ཡིན། ང་ཚོས་གྲོས་བསྡུར་བྱས་པའི་རྗེས་སུ་བཅད་ཁྲི་མྱུར་དུ་ཁྱབ་བསྒྲགས་བྱ་འཆར་ཡོད་ཅེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ་ཅིང་། རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོགས་ཀྱི་ཟུར་ཉན་པ་དང་མི་མང་། གསར་འགོད་པ་སོགས་མེད་པར་གུ་ཁེ་ལེ་ལ་ཁྲིམས་བཤེར་བྱས་ཀྱང་། ད་ཐེངས་ཀྱིས་ཁྲིམས་བཤེར་དེས་རྒྱ་ནག་གཞུང་གིས་པའོ་ཤི་ལེ་བཟའ་ཚང་གཉིས་ཀྱིས་ནག་ཉེས་བསགས་པ་དེར་ཁྲིམས་གཅོད་མ་བྱས་པར་འཇོག་རྒྱུ་མིན་པའི་བརྡ་ཞིག་བཏང་བ་དང་། པའོ་ཤི་ཡེའི་ཆུང་མ་གུ་ཁེ་ལེ་ལ་དབྱིན་ཇིའི་ཚོང་པ་ཧེ་ཝུ་ཌེ་ཞེས་པ་ཞིག་ལ་དུག་སྤྲད་ནས་བསད་པའི་ནག་ཉེས་ཕོག་སྟེ། གུ་ཁེ་ལེ་དང་ཀྲང་ཤའོ་ཅུན་གཉིས་ལ་བསམ་བཞིན་མི་བསད་པའི་ནག་ཉེས་བཙུགས་ཡོད་པ་དང་། ཁོང་ཚོས་ཀྱང་རང་ལ་ནག་ཉེས་བཙུགས་པ་དེ་བདེན་པ་མིན་ཞེས་ཁྲིམས་བཤེར་སྐབས་སུ་དག་འབུད་བྱས་མེད་པ་མ་ཟད། རྒྱ་ནག་གི་མི་མང་རྒྱ་ཆེ་ཞིག་གིས་པོ་ཤི་ལེ་གནས་དབྱུང་བཏང་བ་དང་། ཁོང་གི་ཆུང་མ་གུ་ཁེ་ལེ་ལ་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་ཆབ་སྲིད་ལ་འབྲེལ་བ་ཡོད། པའོ་ཤི་ལེ་ཡིས་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་ལ་རིག་གནས་གསར་བརྗེའི་དུས་སྐབས་ཀྱི་འབོད་ཚིག་དང་གླུ་གཞས་སོགས་སླར་གསོ་བྱས་པ་དང་། ཁོང་ལ་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་མོས་བྱས་ཏེ་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་གྲས་སུ་འདེམས་ཐོན་བྱུང་སྟེ། པའོ་ཤི་ལེ་ཡིས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་དགུའི་ནང་གི་གོ་གནས་མཐོན་པོ་ཞིག་འཛིན་རྒྱུའི་རེ་བ་ཡོད་རུང་། རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་གིས་གཡོ་ཐབས་སྣ་ཚོགས་ཤིག་ལ་བརྟེན་ནས་པའོ་ཤི་ལེ་གནས་དབྱུང་བཏང་བ་དང་། ཁོང་གི་ཆུང་མར་མི་བསད་པའི་ནག་ཉེས་བཙུགས་ནས་ཁྲིམས་བཤེར་བྱེད་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG