ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཨ་མདོ་འཛམ་ཐང་དུ་སྐྱེད་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སོང་བ།


ད་རིང་བོད་ཀྱི་ས་ཁུལ་ཨ་མདོ་འཛམ་ཐང་ནང་རང་ལོ་ ༣༠ ཡིན་པའི་སྐྱེད་མ་གཅིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་རྗེས་འདས་གྲོངས་སོང་འདུག་པ་དང་། བུ་ཕྲུག་བཞིའི་ཨ་མ་ཡིན་པ་སྐལ་སྐྱིད་ལགས་ཀྱིས་ད་རིང་བོད་ཀྱི་དུས་ཚོད་ལྟར་བྱས་ན་ཉིན་རྒྱབ་ཚོུད་ ༣ དང་སྐར་མ་སུམ་ཅུ་ཙམ་ལ་འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ཉེ་འགྲམ་དུ་རང་ལུས་མེ་ལ་བསྲེགས་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་བཞིན་དྲག་གནོན་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་འདུག ས་གནས་ནས་གནས་ཚུལ་འབྱོར་བ་གཞིར་བཟུང་འབྲེལ་ཡོད་ཅིག་གིས་འདི་ག་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་དོན་ལ་ སྐལ་སྐྱིད་ལགས་ཀྱི་སྐུ་གཟུགས་ཡོངས་སུ་མེས་འཚིགས་རྗེས་ས་གནས་དེ་གར་འདས་གྲོངས་སོང་འདུག་པ་དང་། ཇོ་ནང་དགོན་ཆེན་གྱི་དགེ་འདུན་པ་དང་མང་ཚོགས་བཅས་ཀྱིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་རྗེས་གྲྭ་པ་ཚོས་ཕོ་ལུང་གནང་བ་དང་སྨོན་ལམ་གསུངས་འདུག་ཀྱང་། གང་མཚམས་ནས་ས་གནས་བདེ་འཇགས་ཉེན་རྟོག་པ་ཚོ་དགོན་པར་ཡོང་ནས་ད་རིང་མཚན་དགུང་གོང་སྐུ་ཕུང་ལ་འདས་མཇུག་བྱེད་པ་དང་། གལ་སྲིད་དེའི་གོང་འདས་མཇུག་མ་ཟིན་པ་ཡིན་ན་ཉེན་རྟོག་ལས་ཁུངས་ཀྱིས་རྩིས་ལེན་གྱི་ཡིན་ཞེས་སྡིག་ར་བཏང་བར་བརྟེན་དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་སྐུ་ཕུང་ལ་འདས་མཇུག་ཡོངས་སུ་རེས་གཟའ་ཉི་མའི་མཚན་དགུང་གོང་ཟིན་པ་གནང་རྒྱུའི་འཆར་གཞི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག སྐལ་སྐྱིད་ལགས་ནི་ཕྲུ་གུ་བཞིའི་སྐྱེད་མ་ཡིན་པ་དང་། སློབ་གྲྭར་བསྐྱོད་མྱོང་ཡོད་ཚོད་མི་འདུག་ཅིང་། རྒྱུན་དུ་ས་མ་འབྲོག་གི་ཚོ་ཐབས་བརྟེན་མཁན་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་འདུག ༢༠༠༩ ནས་བཟུང་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བསྟུད་མར་ཡོང་གི་ཡོད་པ་དང་། སྐལ་སྐྱིད་ལགས་ནི་བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་ ༡༡༠ པ་དེ་ཡིན་པ་མ་ཟད། འཛམ་ཐང་ནང་རང་ལུས་མེར་བསྲེགས་གཏོང་མཁན་ལྔ་པ་དེ་ཡིན་པ་རེད།
XS
SM
MD
LG