ཉེ་ཆར་ཕྱི་ཟླ་༥་ཚེས་༢༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་པ་ན་གཞོན་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་ཆིབས་སྒྱུར་གནང་དུ་འཇུག་གི་མེད་པ་དང་། འདས་པའི་ལོ་ངོ་༦༠་ལྷག་ལ་རྒྱ་ནག་གཞུང་གིས་བོད་མི་དམངས་ལ་གཉའ་གནོན་དང་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ངོ་རྒོལ་ཡོད་ཅེས་རང་ལུས་མེར་སྲེག་བཏང་ནས་བཟུང་། རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་༩་བར་དུ་བོད་རང་སྐྱོང་ལྗོངས་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་པ་མ་ཟད། ད་དུང་འདས་པའི་ལོ་ངོ་༢༠་ལྷག་ཡས་མས་ཤིག་ལ་ལྷ་ས་དང་གཞིས་ཀ་རྩེ། ནག་ཆུ་སོགས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་ཏུ་ཚོང་ལས་གཉེར་ཏེ་འཚོ་གནས་བྱེད་བཞིན་པའི་མདོ་ཁམས་པ་ཚོ་ཡང་རང་གི་ས་གནས་ཁག་ལ་ཕྱིར་ཕུད་གཏོང་བ་དང་། མདོ་ཁམས་པ་དེ་དག་གིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་བོད་པ་ཚོར་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་ཆགས་ཤིང་བཟའ་ཟླ་བུ་ཕྲུག་ཡོད་པ་རྣམས་ཀྱང་ཁ་གཏོར་གཏོང་གི་ཡོད་པ་རེད། ཡིན་ནའང་དེ་རིང་ཕྱི་ཟླ་༦་ཚེས་༢༠་ཉིན་རྒྱ་ནག་གི་རྩིས་གྲངས་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༦་ཚེས་༡༨་ཉིན་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་སུ་ཚོགས་འདུ་ཚོགས་ཏེ། ཕྱི་ཚེས་༢༠་ནས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐོར་དུ་ཡོང་མཁན་གྱི་སྙན་ཞུ་དེ་ཚོར་ཆོག་མཆན་འགོད་ཕྱོགས་ལ་ཞིབ་འཇུག་བྱེད་རྒྱུ་འགོ་འཛུགས་རྒྱུ་དང་། རྒྱལ་ཁབ་གཅིག་གི་མི་ཁོངས་ཡིན་པའི་མི་ལྔ་རེར་མཉམ་དུ་ཆོག་མཆན་འགོད་རྒྱུ་ཡིན་ཞེས་བཤད་ཡོད་པ་དེ་ལ་བལྟས་ཚེ། སྐྱེ་བོ་སྒེར་པ་དང་རྒྱལ་ཁབ་གཅིག་གི་མི་ཁོངས་མིན་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་ཡོང་ཆོག་པའི་བཀའ་འཁྲོལ་འཐོབ་རྒྱུ་མིན་པ་མ་ཟད། ཡུ་རོབ་རྒྱལ་ཁབ་ནོར་ཝེ་དང་དབྱིན་ཇི། ཨོ་སི་ཊི་རེ་ཡ་དང་ཨེ་ཤི་ཡའི་རྒྱལ་ཁབ་ལྷོ་ཀོ་རི་ཡ་བཅས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་རང་སྐྱོང་ལྗོངས་ལ་ཡོང་མི་ཆོག་ཀྱང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་གོང་འཁོད་རྒྱལ་ཁབ་དེ་དག་གི་སྤྱི་དམངས་རྣམས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐོར་དུ་ཡོང་མི་ཆོག་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད་པ་རེད།