ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༦/༢༧

ཨ་རིའི་གྲོས་ཚོགས་འཐུས་མི་༨༠་ལྷག་གིས་ཧྥིན་སུད་གཉིས་ལ་རྒྱབ་སྐྱོར།


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༨༠་ལྷག་གིས་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་མྱུར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས་པའི་འབོད་སྐུལ་ཞུས། ཁ་སང་ཕྱི་ཚེས་༢༤་ཉིན་གྱི་ཕྱི་དྲོར་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་ལ་སྙན་ཞུ་ཞིག་ཕུལ་ནས་ཨ་མི་རི་ཀས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་འགན་ལེན་བྱ་རྒྱུ་དེར་རྒྱབ་སྐྱོར་ཆ་ཚང་ཡོད། གལ་སྲིད་ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་གོང་དུ་རྒྱལ་ཁབ་དེ་དག་ལ་བཙན་འཛུལ་བྱུང་བའམ། ཡང་ན་མཐུན་གྲོགས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་ཉེན་ཁ་བྱུང་ན་ཨ་མི་རི་ཀས་མཐའ་གཅིག་ཏུ་ཧྥིན་སུད་གཉིས་ལ་རྒྱབ་སྐྱོར་བྱ་དགོས་ཞེས་གྲོས་ཚོགས་གོང་མའི་ནུབ་ཆིངས་ལས་དོན་ཚོགས་ཆུང་གི་གཙོ་འཛིན་གཙོ་གཞོན་གཉིས་ཏེ། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཤཱ་ཧིན་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊི་ལི་སི་གཉིས་ཀྱིས་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་ལ་ཕུལ་བའི་སྙན་ཞུ་དེར་མཚན་རྟགས་བསྐྱོན། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཡུ་རོབ་བྱང་ཕྱོགས་ཀྱི་ས་ཁམས་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས། དུས་རབས་སྔོན་མའི་ལོ་རབས་༩༠་པ་ནས་ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཟླ་གྲོགས་སུ་གྱུར་ཀྱང་ཚོགས་འཐུས་ངོ་མ་མིན་ཞིང་། ཟླ་བ་གསུམ་གྱི་གོང་དེར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་སུད་གཉིས་ཀྱི་ལངས་ཕྱོགས་ཡོངས་སུ་འགྱུར།།

བདུན་སྔོན་མའི་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་དང་ཧྥིན་ལན་ཌིའི་སྲིད་འཛིན། སུད་ཌེན་གྱི་སྲིད་བློན་གསུམ་ཕོ་བྲང་དཀར་པོར་ཐུག་འཕྲད་བྱས་ཏེ་ཨ་མི་རི་ཀས་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་ཡོད་ཅེས་ཁས་བླངས། ཇཱོ་བྷ་ཌན་གྱིས་ང་དང་སྲིད་འཛིན་ནེ་ནེ་སི་ཏོ། སྲིད་བློན་ཨན་ཌར་སན་གསུམ་གྱིས་ལས་དོན་མཉམ་སྒྲུབ་དང་ང་ཚོ་ཐུན་མོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་པར་དོགས་ཟོན་བྱ་དགོས་པ་དང་འགོག་རྒོལ་བྱ་རྒྱུའི་ཆོས་སེམས་བརྟན་པོ་བཙུགས་ཡོད། ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པའི་རྒྱུད་རིམ་སྐབས་སུ་རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་ཉེན་ཁ་བྱུང་ན་ང་ཚོས་གདོང་ལེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་བསྒྲགས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པར་ཧྥིན་སུད་གཉིས་སྒྲིག་འཛུགས་དེར་འཇུག་རྒྱུའི་མོས་མཐུན་དང་ཆོག་མཆན་འགོད་རྒྱུའི་སྙན་ཞུ་བཀྲམ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཉིས་ཀྱིས་སྙན་ཞུ་དེར་རྒྱབ་སྐྱོར་འཐོབ་དགོས། ད་ལྟ་གྲོས་ཚོགས་གོང་མའི་འཐུས་མི་༨༠་ལྷག་གིས་སྙན་ཞུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་དགོས་ངེས་ཀྱི་འཐུས་མི་གསུམ་ཆའི་གཉིས་ལས་མང་བ་ཞིག་ལོངས་ཡོད་ཅིང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཕུལ་བའི་སྙན་ཞུའི་ནང་དུ་ང་ཚོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་བསྐྱེད་དགོས་པའི་བསམ་བློ་གཟབ་ནན་བྱེད་ཀྱི་ཡོད། སྲིད་འཛིན་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་གང་མགྱོགས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་འགྱུར་ཆོག་པའི་མོས་མཐུན་ཡོད། གོ་ལའི་ཁྱོན་གྱི་བརྟན་ལྷིང་དང་འཛམ་གླིང་ཡོངས་ཀྱི་དམངས་གཙོར་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེ་ཞེས་འཁོད།།

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དགག་པ་རྒྱག་གི་མེད་མོད། འོན་ཀྱང་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱིས་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་ངོ་རྒོལ་ཡོད། ལྷག་པར་དུ་སུད་ཌེན་གྱིས་ཨ་རི་དང་ཏུར་ཀིའི་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་ཀུར་ཏི་མི་རིགས་ཀྱི་དྲག་སྤྱོད་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་འདུག ཧྥིན་སུད་གཉིས་ལ་ཞིབ་བདེ་བརྟན་ལྷིང་དགོས་ཀྱི་ཡོད་པ་ལྟར་ཏུར་ཀིའི་ཞི་བདེ་བརྟན་ལྷིང་ལའང་བསམ་ཞིབ་བྱེད་དགོས་ཞེས་དགོས་འདུན་བཏོན། ཕྱི་ཟླ་༥་པའི་ཚེས་༢༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ལྷག་པའི་ཉིན་ཧྥིན་སུད་གཉིས་ཀྱིས་སྐུ་ཚབ་ཚོགས་པ་ཞིག་ཏུར་ཀིའི་རྒྱལ་ས་ཨན་ཁ་རར་བཏང་སྟེ་འགལ་ཟླ་སེལ་ཐབས་བྱ་རྒྱུའི་འཆར་གཞི་ཡོད། ཏུར་ཀིས་དགག་པ་རྒྱག་དགོས་དོན་དང་ཏུར་ཀིའི་བློ་འཚབ་ཁག་ལ་ཉན་འདོད་ཡོད་ཅེས་ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་འགྲེལ་བརྗོད་བྱས་འདུག ཏུར་ཀིས་དགག་པ་བརྒྱབ་པའི་རྐྱེན་གྱིས་ཧྥིན་སུད་གཉིས་འཕྲལ་དུ་ནུབ་ཆིངས་ཁོངས་སུ་ཚུད་ཐུབ་རྒྱུའི་མངོན་འདོད་མ་གྲུབ། སུད་ཛར་ལན་ཌིའི་དྷ་ཝོ་སི་ས་གནས་སུ་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་ཚོགས་ཆེན་ཐོག་ཏུ་ཧྥིན་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ཏུར་ཀི་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་གི་ཐོག་ཏུ་བློ་འཚབ་ཡོད་པར་ང་ཚོས་རྒྱུས་ལོན་བྱེད་ཐུབ། ང་ཚོས་གནད་དོན་དེ་དག་སེལ་ཐུབ་ངེས་རེད་སེམས། གཅིག་བྱས་ན་གནད་དོན་ཁག་ཅིག་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ལ་འབྲེལ་བ་མེད་པར་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་ལ་འབྲེལ་བ་ཤུགས་ཆེ་བ་ཡོད་པ་ཞིག་ཡིན་ཤས་ཆེ་ཞེས་བཀྲལ། ཧྥིན་ལན་ཌིའི་སྲིད་འཛིན་གྱིས་ང་ཚོས་ཏུར་ཀིར་གཞུང་ལ་གྲོས་མོལ་ལྷུག་པོ་དང་མངོན་ལྐོག་མེད་པ་ཞིག་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་དགོས་ན་ཆ་རྐྱེན་དོན་ཚན་༥་ལ་ཁས་ལེན་བྱ་དགོས་ཞེས་གྲོས་མགོ་བཏོན། སུད་ཌེན་གྱིས་ཏུར་ཀི་ལ་མཚོན་ཆ་ཉོ་ཚོང་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་བྱ་དགོས། འཇིགས་སྐུལ་རིང་ལུགས་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ། འཇིགས་སྐུལ་རིང་ལུགས་པའི་དཔལ་འབྱོར་ཡོང་ཁུངས་གཅོད་དགོས། ཀུར་ཏི་མི་རིགས་ཀྱི་ཕི་ཁེ་ཁེ་ཚོགས་པར་མཚོན་ཆ་རོགས་རམ་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས། སི་རི་ཡའི་དྲག་སྤྱོ་ཤོག་ཁག་ཅིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའང་མཚམས་འཇོག་བྱ་དགོས། ང་ཚོས་༢༠༡༧་ནས་སུད་ཌེན་གཞུང་ལ་ཕི་ཁེ་ཁེ་སོགས་འཇིགས་སྐུལ་ཚོགས་པ་ཁག་ཏུར་ཀིའི་གཞུང་ལ་རྩིས་སྤྲོད་བྱ་དགོས་པའི་རེ་བ་བཏོན་པ་ཡིན། འོན་ཀྱང་ད་དུང་ཡང་སུད་ཌེན་གཞུང་གིས་ཏུར་ཀིའི་འབོད་སྐུལ་དེར་ཡ་ལན་གཏན་ནས་སློག་མ་བྱུང་། ང་ཚོས་ཆ་རྐྱེན་བཏོན་པ་རྣམས་ཧྥིན་སུད་གཉིས་ཀྱིས་མ་བསྒྲུབས་པར་ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུར་ཏུར་ཀིའི་གཞུང་གིས་རྒྱབ་སྐྱོར་བྱེད་མི་ཐུབ་ཅེས་ལངས་ཕྱོགས་གསལ་པོར་བསྟན། ཁ་སྔོན་གཟའ་སྤེན་པའི་ཉིན་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེར་ཧྥིན་སུད་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ཐོག་ཏུ་མཉམ་འབྲེལ་ཡག་པོ་ཞིག་མ་བྱས་ཚེ། ཏུར་ཀིའི་གཞུང་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་དེར་རྒྱབ་སྐྱོར་བྱེད་མི་ཐུབ་ཅེས་བཤད།།

ཐོག་མར་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱས་པའི་སྐབས་དེར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གནད་དོན་དེ་ཚབས་ཆེན་ཞིག་མ་རེད། ཁོ་ཚོ་ནུབ་ཆིངས་ཁོངས་སུ་ཞུགས་ཀྱང་ཨུ་རུ་སུར་ཉེན་ཁ་མི་འབྱུང་ཞེས་སྣང་ཆུང་བྱས་ཤིང་། ཕྱི་ཟླ་༥་པའི་ཚེས་༢༤་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་ཧྥིན་ལན་ཌིའི་ཨ་ལན་ཌི་རང་སྐྱོང་གླིང་ཚོམ་ཀྱི་བདག་དབང་དང་ས་ཡེ་མ་མཚོ་ལམ་ཨུ་རུ་སུའི་ལག་ནས་གླས་ཡོད་པའི་བདག་དབང་གླེང་སྟེ་འགོག་རྐྱེན་བཟོ་ཐབས་སུ་འབད། ཡུ་རོབ་མཉམ་འབྲེལ་དུ་བཅའ་སྡོད་ཨུ་རུ་སུའི་རྒྱུན་བཞུགས་སྐུ་ཚབ་ཝ་ལ་ཌི་མིར་ཆི་ཞོབ་ཀྱིས་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཀྱི་ཡོད་པས་ས་ཆའི་བདག་ལ་འབྲེལ་བ་ཡོད་པའི་གནད་དོན་གཉིས་གླེང་དགོས་ཀྱི་འདུག ཨ་ལན་ཌི་གླིང་ཚོམ་ནི་ཧྥིལ་ལན་ཌི་དང་སུད་ཌེན་གཉིས་ཀྱི་བར་དེར་བྷོལ་ཊིཀ་རྒྱ་མཚོའི་ནང་དུ་ཆགས་ཡོད་པ་རེད། ས་ཡེ་མ་མཚོ་ལམ་ནི་དབྱིན་ལེ་༢༧་ཨུ་རུ་སུའི་ཝི་བྷོག་གྲོང་ཁྱེར་གྱི་ནང་ལོགས་སུ་ཁེལ་ཡོད་པ་རེད། དེ་ལ་ཅི་ཞིག་འབྱུང་རྒྱུ་ཡིན་པ་ང་ཚོས་བལྟ་དགོས་ཀྱི་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་རེ་ཡབ་ཀོབ་ཀྱིས་ཧྥིན་སུད་གཉིས་ནུབ་ཆིངས་ཁོངས་སུ་ཞུགས་ཀྱི་ཡོད་པར་ཨུ་རུ་སུ་མོས་མཐུན་མེད་ཅེས་དགག་པ་བརྒྱབ། སྤྱིར་ཧྥིན་སུད་གཉིས་ཀྱིས་ཕྱོགས་སྒྲིག་སྤངས་ཏེ་བཏང་སྙོམས་སུ་གནས་པའི་ལོ་རྒྱུས་ཡུན་རིང་ཡོད་པ་སྟེ། སུད་ཌེན་གྱིས་དམག་འཁྲུག་ཅིག་མ་བརྒྱབ་པར་ལོ་༢༠༠་ལྷག་ཕྱིན་ཡོད་པ་དང་༡༩༤༨་ནས་ཧྥིན་ལན་ཌི་ཨུ་རུ་སུ་དང་ཨ་མི་རི་ཀ་སོགས་ཤར་ནུབ་གཉིས་ཀྱི་གང་གི་ཕྱོགས་སུའང་མ་ལངས་པར་བཏང་སྙོམས་སུ་བསྡད། ཧྥིན་ལན་ཌི་དང་ཨུ་རུ་སུ་གཉིས་ལ་ས་མཚམས་སྤྱི་ལེ་༡༣༠༠་འདྲེས་ཡོད་པས་༡༩༡༧་ལོར་ཧྥིན་ལན་ཌིར་ཨུ་རུ་སུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་ནས་བཟུང་། ཧྥིན་ལན་ཌིས་ཨུ་རུ་སུར་བཟོད་པོ་དང་བསྟུན་མཁས། ཁོ་ཚོ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་མ་ལངས་པར་ཨུ་རུ་སུར་ཕོག་ཐུག་གཏོང་མི་དགོས་པ་གཙིགས་སུ་བཟུང་། དུས་རབས་སྔོན་མའི་ལོ་རབས་༩༠་པའི་མགོ་སྟོད་དེར་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་སོང་བའི་རྗེས་སུ་ཧྥིན་སུད་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་དུ་ཞུགས། ད་ལྟ་ཁོ་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་མཉམ་དུ་ཕུལ་ཡོད་པ་རེད།།

XS
SM
MD
LG