ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

མ་རི་ཨུ་པུལ་གྲོང་གི་ཡུཀ་རེན་གྱི་དམག་མི་༢༥༠་ལྷག་གིས་མགོ་སྒུར།


༄༅།། འདས་པའི་ཉི་མ་༨༢་ལ་ཡུཀ་རེན་གྱི་དམག་གིས་ལྷོ་ཕྱོགས་ཀྱི་མ་རི་ཨུ་པུལ་གྲོང་ཁྱེར་དུ་ཨུ་རུ་སུའི་བཙན་འཛུལ་བཀག་ནས་འཐབ་འཁྲུག་དྲག་པོ་བརྒྱབ། གཟའ་མིག་དམར་ཉིན་ཡུཀ་རེན་གྱི་དམག་གི་འགོ་ཁྲིད་ཚོས་དྭངས་ལྕགས་བཟོ་གྲྭ་དེར་རྨས་སྐྱོན་ཕོག་ཡོད་པའི་དམག་མི་རྣམས་སྐྱོབ་ཐབས་སུ་གྲོང་ཁྱེར་དེའི་འཐབ་མོ་བ་ཚོས་ཨུ་རུ་སུར་མགོ་སྒུར་དགོས། ཡུཀ་རེན་གྱི་དམག་མི་རྨས་མ་དེ་ཚོར་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་ཌོན་བྷ་སི་མངའ་ཁུལ་དུ་སྨན་བཅོས་བྱེད་དུ་འཇུག་དགོས་ཞེས་བཀའ་ཕབ། ཕྱི་ཟླ་༥་པའི་ཚེས་༡༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་ཀྱི་བྱུང་རབས་སུ་ལོ་བཅུ་ཕྲག་མང་པོར་བྱུང་མྱོང་མེད་པའི་འཐབ་འཁྲུག་སྐྱི་གཡའ་བ་དེ་མཇུག་སྒྲིལ། མདང་གདོང་མཚན་མོར་ཨ་ཛོབ་སི་ཊལ་དྭངས་ལྕགས་བཟོ་གྲྭ་ནས་ཡུཀ་རེན་གྱི་དམག་མི་དེ་རྣམས་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ནོ་ཝོ་ཛོབ་སི་ཀི་གྲོང་རྡལ་དུ་འབྱོར། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་འཐབ་མོ་བ་རྣམས་བཟོ་གྲྭ་དེ་ནས་ཕྱི་རུ་ཐོན་པ་དང་རྨས་མ་ཁག་ཅིག་འགྱོགས་ཁྲིའི་ནང་དུ་འཁྱེར་ཡོང་གི་ཡོད་པ། གཞན་ཚོས་ལག་པ་གནམ་ལ་བརྐྱངས་ཏེ་ཨུ་རུ་སུའི་དམག་གིས་ལུས་བཤེར་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་བསྟན་ཏེ་ཡུཀ་རེན་གྱི་དམག་མི་༢༥༦་གིས་མགོ་སྒུར་སོང་། མི་༥༡་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག་ཅེས་བསྒྲགས། ཡུཀ་རེན་གྱི་གཞུང་གིས་རྨས་མ་༥༣་ཚུད་པའི་དམག་མི་༢༦༤་ཡོད་པ་རྣམས་བཟོ་གྲྭ་དེ་ནས་ཕྱི་རུ་ཐོན་ཟིན་ཞེས་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་མ་རི་ཨུ་པུལ་གྱི་དཔུང་སྡེ་དེའི་ལས་འགན་གྲུབ་པ་རེད། ཡུཀ་རེན་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་ཨ་ཛོབ་སི་ཊལ་གྱི་དཔུང་སྡེ་སྟེ། ང་ཚོའི་དུས་སྐབས་སུ་མ་རི་ཨུ་པུལ་གྲོང་ཁྱེར་ལ་སྲུང་སྐྱོབ་བྱེད་མཁན་དཔའ་རྒོད་ཚོར་རང་གི་འཐབ་གྲོགས་རྨས་མ་རྣམས་ཀྱི་ཚེ་སྲོག་སྐྱོབ་དགོས་པའི་བཀའ་བཏང་བ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་༥་པའི་ཚེས་༡༧་གྱི་ཕྱི་དྲོར་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་མལ་ཡེར་གྱིས་དྭངས་ལྕགས་བཟོ་གྲྭ་དེའི་འཐབ་མོ་བ་རྣམས་ཉེན་སྐྱོབ་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ཐབས་ཇུས་འདི་ལས་མི་འདུག ཧ་ཅང་ཕངས་པ་ཞིག་ལ་གནས་སྟངས་འདིའི་འོག་ཏུ་དམག་གིས་སྐྱོབ་ཐབས་ཀྱང་བྲལ། ད་ལྟའི་ཐབས་ལམ་འདི་མ་བརྒྱུད་པར་སྐྱོབ་ཐབས་གཞན་པ་མི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཡུཀ་རེན་གྱི་སྲིད་བློན་གཞོན་པས་ང་ཚོས་ཨ་ཛོབ་སི་ཊལ་བཟོ་གྲྭའི་དམག་མི་རྣམས་དང་ཨུ་རུ་སུའི་བཟུང་དམག་རྣམས་བརྗེ་རེས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་བཟོ་གྲྭ་དེ་ནས་མགོ་སྒུར་པའི་ཡུཀ་རེན་གྱི་དམག་མི་ཚོར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ལྟ་སྐྱོང་བྱེད་ཆོག སྲིད་འཛིན་ཕུ་ཊིན་གྱིས་མཚོན་ཆ་བཞག་ནས་མགོ་སྒུར་པའི་དམག་མི་དང་མི་མང་དཀྱུས་མ་གཉིས་ཀ་ཕྱི་རུ་ཡོང་དུ་འཇུག་དགོས་པའི་བཀོད་ཁྱབ་བཏང་སོང་ཞེས་བཤད། ཨུ་རུ་སུའི་ཞིབ་འཇུག་ལྷན་ཚོགས་ཀྱིས་ཡུཀ་རེན་གྱི་བཟུང་དམག་དེ་ཚོར་འདྲི་རྩད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༥་པའི་ཚེས་༡༨་ཉིན་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཚོས་ཨ་ཛོབ་སི་ཊལ་དྭངས་ལྕགས་བཟོ་གྲྭའི་ཡུཀ་རེན་གྱི་དམག་མི་དེ་རྣམས་ཁྲིམས་ལ་སྦྱོར་དགོས་ཞེས་ངར་སྐད་བསྒྲགས། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་དྭངས་ལྕགས་བཟོ་གྲྭ་དེར་ཡུཀ་རེན་གྱི་དམག་མི་༡༠༠༠་ཡས་མས་ཤིག་ཡོད་པ་དེའི་ཁོངས་ནས་མི་༢༦༠་ཐམ་པས་གཟའ་ཟླ་བའི་ཉིན་མགོ་སྒུར་སོང་། དེའི་འཕྲོ་རྣམས་ཁ་སང་དང་དེ་རིང་གཉིས་ལ་མགོ་སྒུར་ནས་ཕྱི་ལ་ཐོན་སོང་ཞེས་གནས་ཚུལ་སྤེལ། ད་དུང་ཡང་ཡུཀ་རེན་གྱི་དམག་མི་ཁག་ཅིག་གིས་ཨུ་རུ་སུར་མགོ་མ་སྒུར་པར་བཟོ་གྲྭ་དེའི་ས་འོག་ཏུ་སྐུང་བསྡད་ཡོད་ཀྱང་མི་གྲངས་ཅི་ཙམ་ཡོད་མེད་གསལ་པོ་ཞིག་ཤེས་དཀའ།།

ཟླ་བ་༣་མ་ཟིན་ཙམ་ལ་ཨུ་རུ་སུའི་དམག་གིས་མ་རི་ཨུ་པུལ་གྲོང་ཁྱེར་མཐའ་བསྐོར་ནས་མེ་སྒྱོགས་དང་འཕུར་མདེལ་གྱིས་གཏོར་རྒོལ་རྒྱུན་ཆད་མེད་པར་བྱས་ནས་མི་ཁྲི་ཚོ་འགའ་ཞིག་བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། གྲོང་ཁྱེར་དེར་གྱང་རོ་མ་གཏོགས་ཅི་ཡང་ལུས་མེད་པ་དང་མ་རི་ཨུ་པུལ་གྲོང་ཁྱེར་ལེན་ཐུབ་པ་ནི་ཕུ་ཊིན་ལ་དམག་འཁྲུག་གི་རྒྱལ་ཁ་ཆེ་ཤོས་ཤིག་ཡིན་ཞིང་། ད་ནས་ཡུཀ་རེན་གྱི་ཤར་ཕྱོགས་ནས་ལྷོ་ཕྱོགས་བར་དུ་ཡུག་གཅིག་ཏུ་ཨ་ཛོབ་མཚོ་འགྲམ་ཐམས་ཅད་ཨུ་རུ་སུའི་སྟངས་འོག་ཏུ་ཚུད། ཡུཀ་རེན་གྱི་ཤར་ཕྱོགས་ནས་ལྷོ་ཕྱོགས་ཀྱི་ས་ཆ་ཤར་བའི་རྒྱ་ཁྱོན་ནི་ཡུ་རོབ་རྒྱལ་ཁབ་གྷེ་རི་སིའི་ཆེ་ཆུང་གི་ཚད་དེ་ཡོད་པའི་གནས་ཚུལ་ཐོན། ཡིན་ནའང་ས་གནས་གཞན་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་འབྱུང་རྒྱུ་ཇེ་མང་དུ་སོང་། དཔེར་ན་ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་འདབས་ནས་ཕྱིར་འཐེན། ཉི་མ་རེ་ཟུང་གོང་དེར་ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེས་ཤོས་ཨང་གཉིས་པ་ཁར་ཀིབ་ནས་ཨུ་རུ་སུའི་དམག་དཔུང་རྣམས་ས་མཚམས་བར་དུ་མཐར་སྐྲོད་བཏང་འདུག ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀས་མ་རི་ཨུ་པུལ་གྲོང་ཁྱེར་གྱི་དྭངས་ལྕགས་བཟོ་གྲྭའི་འཐབ་འཁྲུག་མཇུག་སྒྲིལ་ཐུབ་པ་རྒྱལ་ཁར་བརྩིས། ཡིན་ནའང་ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀས་ཨ་ཛོབ་དཔུང་སྡེའི་དམག་མི་དེ་ཚོའི་གནས་སྟངས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ཞིབ་ཕྲ་ཞིག་བཤད་ཀྱི་མེད་མོད། འོན་ཀྱང་ཡུཀ་རེན་གྱི་འགོ་ཁྲིད་ཚོས་བཙོན་པ་བརྗེ་ལེན་བྱ་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པའི་སྐད་ཆ་ཞིག་སྒྲོགས་མགོ་བརྩམས། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་རང་གི་ཕོ་རྒོད་དེ་དག་གི་ཚེ་སྲོག་སྐྱོབ་ཐུབ་པའི་རེ་བ་ཡོད། ཁོ་ཚོ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་སྨན་བཅོས་བྱེད་དགོས་ཀྱི་འདུག ཡུཀ་རེན་གྱི་དཔའ་རྒོད་རྣམས་གསོན་པོར་གནས་དགོས་ཞེས་གཏམ་བཤད་བྱས་ཤིང་། གཟའ་མིག་དམར་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཛོབ་དམག་དཔུང་ནི་ཡུཀ་རེན་གྱི་ཡུལ་དམག་དང་མཚོ་དམག་གི་འཕྲལ་སྒྲུབ་དམག་སྡེ་༣༦་པ། ཡུལ་སྲུང་དམག་སྡེ་ཨང་༡༢་པ་དང་མཐའ་སྲུང་དམག་དཔུང་། ཉེན་རྟོག་པ་དང་རྒྱལ་སྲུང་དྭང་བླངས་ཡུལ་དམག་བཅས་དཔུང་སྡེ་སྣ་འདུས་ཤིག་ཡིན་པ་དང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ཨ་ཛོབ་དཔུང་སྡེ་རྩ་འཛུགས་བྱས་འདུག

མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་སོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་མཐའ་བསྐོར། གྲོང་ཁྱེར་དེར་མི་འབྱོར་༤༠༠༠༠༠་ལྷག་ཡོད་པ་དེའི་ཁོངས་ཀྱི་ཞི་བའི་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་མ་རི་ཨུ་པུལ་གྱི་གྲོང་མི་ཅི་ཙམ་བསད་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཤེས་རྟོགས་མ་ཐུབ། གང་ལྟར་ལོ་རབས་༩༠་པའི་ནང་དུ་ཡུ་རོབ་ཀྱི་བྷོལ་ཁན་མངའ་ཁུལ་དང་དེའི་རྗེས་སུ་ཆེ་ཆི་ཎི་ཡར་དམག་འཁྲུག་ལངས་པའི་རྗེས་སུ་མ་རི་ཨུ་པུ་གྲོང་ལ་གཏོར་རྒོལ་བྱུང་བ་འདི་འདྲ་ཞིག་ནམ་ཡང་བྱུང་མྱོང་མེད་པ་རེད་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ཨུ་རུ་སུའི་སྒྱོགས་མདེལ་དང་འཕུར་མདེལ་རྣམས་རྡོ་ཆར་བབབ་པ་ལྟར་གྲོང་ཁྱེར་དེར་ཕོག་སྟེ་མི་མང་ལ་བཟའ་ཆས་དང་འཐུང་ཆུ། ཚ་གློག་སོགས་ཆད་ནས་ས་འོག་ཏུ་སྐུང་། ཕྱི་ལོགས་ཀྱི་སྲང་ལམ་ཁག་ཏུ་མིའི་ཕུང་པོས་གཏམས་ཏེ་ཡུན་རིང་བདག་མེད་དུ་བསྐྱུར། ཕྱི་ཟླ་༣་པའི་ནང་དུ་ཨུ་རུ་སུའི་འཕུར་མདེལ་གྱིས་མ་རི་ཨུ་པུལ་གྲོང་གི་བུ་བཙའི་སྨན་ཁང་ཞིག་དང་མི་མང་དཀྱུས་མ་སྐུང་ཡུལ་ཟློས་གར་ཁང་ཞིག་ལ་གཏོར་རྒོལ་བྱས་ནས་མི་གསོད་ཁྲོག་སྦྱོར་ཚབས་ཆེན་བྱུང་། ཡུཀ་རེན་གྱི་སྤྱི་གླིང་དང་ལྡུམ་ར་ཁག་ཏུ་ས་དོང་བྲུས་ནས་ཕུང་པོ་རྣམས་ལྡེབ་ཏུ་སྦས། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུས་སྲེག་ཐབ་ཡོད་པའི་རླངས་འཁོར་བཏང་ཡོང་སྟེ་ཞི་བའི་མི་མང་བསད་པའི་ཕུང་པོ་རྣམས་རླངས་འཁོར་ནང་དུ་བསྲེགས། གྲོང་མི་སྟོང་ཕྲག་མང་པོ་ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་རྒྱང་ཕུད་བཏང་སྟེ་མི་བསད་པའི་དཔང་རྟགས་རྣམས་རྙེད་རྒྱུ་མེད་པ་ཞིག་ཏུ་བཏང་འདུག་ཅེས་སྐྱོན་བཙུགས། ཨུ་རུ་སུས་ཡུཀ་རེན་གྱི་མི་མང་དཀྱུས་མ་རྣམས་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་མེད་པ་དང་རྒྱང་ཕུད་ཀྱང་གཏོང་གི་མེད། ཁོ་ཚོ་ཨུ་རུ་སུའི་ས་ཐོག་ཏུ་སྐྱབས་བཅོལ་ལ་བསླེབས་པ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་ཡང་དཔུང་འཇུག་བྱ་རྒྱུ་མཚམས་འཇོག་གི་མེད་ཅིང་། ཡུཀ་རེན་གྱི་སྲིད་འཛིན་ལས་ཁུངས་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་སི་ལོ་ཝི་ཡན་སི་ཀི་དང་ཌོ་རོ་བྷི་ཤེབ་གཉིས་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག དེ་བཞིན་ཨུ་རུ་སུའི་སྐྱེལ་འདྲེན་ལ་གལ་གནད་ཤིན་ཏུ་ཆེ་བའི་ཨི་ཛུམ་གྲོང་གི་མཐའ་འཁོར་དུའང་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བསྒྲགས། ཡུཀ་རེན་གྱི་རྒྱལ་ས་ཀིབ་དང་ནུབ་ཕྱོགས་ཀྱི་ཕོ་ལན་ཌིའི་ས་མཚམས་སུ་ཆགས་པའི་ལེ་ཝི་གྲོང་ཁྱེར་གཉིས་ལའང་ཨུ་རུ་སུའི་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུ་མཚམས་མི་ཆད། ཡུཀ་རེན་གྱིས་ཀྱང་རང་གི་ས་མཚམས་སུ་ཆགས་པའི་ཨུ་རུ་སུའི་གྲོང་གསེབ་ཁག་ལ་གཏོར་རྒོལ་བྱས་ནས་རྒོལ་ལན་སློག གཟའ་མིག་དམར་ཉིན་ཨུ་རུ་སུའི་གྲོང་གསེབ་པའི་ཁང་པ་༣་དང་སློབ་གྲྭ་ཞིག་ལ་སྒྱོགས་མདེལ་ཕོག་ཀྱང་མི་ལ་འཆི་རྨས་མ་བྱུང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡུཀ་རེན་གྱི་སྨན་ཁང་༢༢༦་ལ་གཏོར་རྒོལ་ཕོག་འདུག འདི་ནི་ཨུ་རུ་སུས་བཙན་འཛུལ་བྱས་ནས་བཟུང་སྟེ་ཉི་མ་རེར་ཆ་མཉམ་ཡུཀ་རེན་གྱི་སྨན་ཁང་༣་རེར་གཏོར་རྒོལ་ཕོག་པ་རེད། ཡུཀ་རེན་གྱི་སྨན་ཁང་ཁག་ལ་ཆེད་དུ་གཏོར་རྒོལ་བྱས་པ་དེའི་སྐབས་སུ་ཉུང་མཐའ་ཡང་མི་༧༥་བསད་པ་དང་མི་༥༩་ལ་རྨས་པ་རྩད་གཅོད་ཐུབ་སོང་། གཏོར་རྒོལ་དེ་རྣམས་འོས་འཚམས་ཤིག་ཡིན་ཞེས་ནམ་ཡང་སྒྲུབ་མི་ཐུབ། ཨུ་རུ་སུའི་གཏོར་རྒོལ་དེ་ཚོར་ངེས་པར་དུ་ཞིབ་འཇུག་བྱ་དགོས་ཞེས་སྙན་ཐོ་བཏོན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བུད་མེད་ཚོར་བཙན་གཡེམ་བྱས་པ་དང་ཞི་བའི་མི་མང་རྣམས་སྡེབ་གསོད་བྱས་ནས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཞིབ་འཇུག་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG