ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྤྱི་ཁྱབ་ཁྲིམས་འཛིན་པ་དགོངས་པ་ཞུ་དགོས་པའི་གནོན་ཤུགས།


༄༅།། ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཟུར་པ་༢༠༠༠་ལྷག་གིས་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གྱིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས། སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གྱི་འགོ་ཁྲིད་འོག་ཏུ་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་དྲང་སྙོམས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཙིགས་སུ་འཛིན་པའི་དབུས་གཞུང་གི་ལྷན་ཁང་ཞིག་མིན་པར་སྲིད་འཛིན་ཌོ་ནལ་ཊམ་གྱི་སྒེར་དོན་སྒྲུབ་པའི་དབུས་གཞུང་གི་ལྷན་ཁང་ཞིག་ཏུ་གྱུར་འདུག ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གི་ཆེ་མཐོང་མི་བརླག་པ་དང་དབུས་གཞུང་གི་ལྷན་ཁང་དེ་དྲང་ཚུགས་ལྡན་པ་ཞིག་ཡིན་པ་སོར་གནས་ཡོང་ཐབས་སུ་སྤྱི་ཁྱབ་ཁྲིམས་འཛིན་པས་རང་གི་ལས་གནས་ནས་གནང་བ་ཞུས་ན་ཕན་ཐོགས་ཆེ་ཞེས་སྙན་ཞུ་ཕུལ། སྙན་ཞུ་དེར་མིང་རྟགས་འགོད་མཁན་གྲས་སུ་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་གཉིས་འདུས། ཉེ་ཆར་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་རོ་ཇཱེར་སི་ཊོན་ལ་ལོ་༧་ནས་ལོ་༩་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་འཆར་ཡོད་པ་དྲང་སྙོམས་ཤིག་མ་རེད་ཅེས་བར་འགོག་བྱས་ནས་བཟུང་། དབུས་ཁྲིམས་འཛིན་ལྷན་ཁང་གི་ཁྲིམས་སྦྱོར་བ་བཞིས་རང་གི་གོ་གནས་དང་ཁྲིམས་སྦྱོར་བའི་མཚན་གནས་ནས་གནང་བ་ཞུས་ཏེ་སྤྱི་ཁྱབ་ཁྲིམས་འཛིན་པར་ངོ་རྒོལ་བྱས་འདུག

ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གི་ལས་སྣེ་ཟུར་པ་ཚོས་ཕུལ་བའི་སྙན་ཞུ་དེའི་ནང་འཁོད་དོན་དུ། སྟབས་མ་ལེགས་པ་ཞིག་ལ་སྤྱི་ཁྱབ་ཁྲིམས་འཛིན་པས་སྤྱི་དོན་ཡན་པོར་དོར་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྒེར་དོན་སྒྲུབ་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། ཁོང་གི་མཛད་ཕྱོགས་དེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་རང་ཚུགས་ལྡན་པ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཙིགས་སུ་འཛིན་པའི་དབུས་གཞུང་གི་ལྷན་ཁང་ཞིག་ཡིན་པའི་ཆེ་མཐོང་བརླག་གི་འདུག ང་ཚོར་སྤྱི་ཁྱབ་ཁྲིམས་འཛིན་པས་རང་ཉིད་སྲིད་དོན་ཚོགས་པའི་ཕྱོགས་སུ་མ་ལྷུང་བ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་མི་ཐེབས་པའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཞིག་གི་ལས་འགན་བསྒྲུབ་རྒྱུ་ཡིན་ཞེས་དམ་བཅའ་བཞག་པ་ལག་ལེན་བསྟར་རྒྱུའི་ཡིད་ཆེས་མེད། དེར་བརྟེན་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གྱིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ལས་ཆེད་ཁྲིམས་ཞིབ་པ་ཚོས་དབུས་གཞུང་གི་ལྷན་ཁང་དེར་ཁྲིམས་འགལ་བྱེད་མཁན་ཡོད་པ་མཐོང་ཐོས་བྱུང་ན་འཕྲལ་དུ་ལྷན་ཁང་དེའི་སྤྱི་ཁྱབ་རྟོག་ཞིབ་པར་སྙན་སེང་ཞུ་དགོས་ཞེས་བཀོད། ཐོག་མར་སྙན་ཞུ་དེར་མི་༡༡༠༠་ཐམ་པས་མིང་རྟགས་བཀོད་ཀྱང་ཁ་སང་གཟའ་ཟླ་བའི་ཕྱི་དྲོའི་མཚམས་སུ་མི་༢༠༠༣་གྱིས་མིང་རྟགས་བཀོད་ནས་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་།

སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་རོ་ཇཱེར་སི་ཊོན་ལ་ཁྲིམས་ཐག་གཅོད་དགོས་པའི་ལོ་གྲངས་ཞུ་སྦྱོར་བྱས་པ་མང་དྲགས་འདུག་ཅེས་བསྒྲགས། དེ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་སྤྱི་ཁྱབ་ཁྲིམས་འཛིན་པས་དྲང་སྙོམས་མིན་པའི་ཁྲིམས་གཅོད་དེར་བར་འགོག་བྱས་པར་བསྔགས་བརྗོད་ཡོད། ཉེས་ཅན་ཚོ་ལའང་རོ་ཇཱེར་སི་ཊོན་ལྟར་ཁྲིམས་ཐག་ལྕི་མོ་གཅོད་ཀྱི་མི་འདུག ཁོ་པར་ལོ་༧་ནས་༩་བར་དུ་བཙོན་འཇུག་གི་ཁྲིམས་ཐག་གཅོད་དགོས་པའི་ཞུ་སྦྱོར་བྱས་པ་འོས་འཚམས་མ་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་སྤེལ་ནས་ང་ལ་ལས་དོན་ཚུལ་བཞིན་སྒྲུབ་ཏུ་འཇུག་གི་མི་འདུག ང་ལ་གྲོས་ཚོགས་དང་གསར་ཁང་། ཆེད་བརྗོད་དང་སྲིད་འཛིན་སོགས་ཀྱིས་འཇིགས་སྣང་བསྐུལ་མི་ཐུབ། ངས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ལས་འགན་བསྒྲུབ་རྒྱུ་ཡིན་ཞེས་ཨེ་བྷི་སི་བརྙན་འཕྲིན་ཁང་གི་གསར་འགོད་པར་བཤད་ཀྱང་རྒྱལ་ཁབ་ཕྱི་ནང་གཉིས་སུ་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་སྲིད་འཛིན་ཌོ་ནལ་ཊམ་གྱི་སྒེར་དོན་སྒྲུབ་མཁན་ཞིག་ཡིན་པའི་ལྟ་ཚུལ་ཤུགས་ཆེན་ཡོད་ཅིང་། སྲིད་འཛིན་ཊམ་དང་སྲིད་འཛིན་གཞོན་པ་སོགས་ཀྱིས་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་བྷར་ཎི་སན་ཌར་དང་ཨ་ལི་ཛ་བྷེ་ཐེ་ཝོ་རན་གཉིས་ཀྱིས་སྤྱི་ཁྱབ་ཁྲིམས་འཛིན་པས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག ཟླ་བ་རྗེས་མར་ཨ་རིའི་གྲོས་ཚོགས་གོང་མས་སྤྱི་ཁྱབ་ཁྲིམས་འཛིན་པ་འབོད་འགུགས་བྱས་ནས་ཉན་ཞིབ་ཚོགས་འདུ་འཚོགས་འཆར་ཡོད་པ་རེད།

འདི་ཙམ་ན་ཨ་མི་རི་ཀའི་ཁྲིམས་ཞིབ་པའི་མཐུན་ཚོགས་ཀྱིས་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སློབ་སྟོན་པ་ཟུར་པ་རོ་ཇཱེར་སི་ཊོན་ལ་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་ཀྱི་ཡོད་པར་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པར་གྲོས་བསྡུར་བྱ་རྒྱུ། ཨ་རིའི་ཁྲིམས་ཞིབ་པའི་མཐུན་ཚོགས་ཀྱི་གཙོ་འཛིན་སིན་ཐི་ཡ་རུ་ཧྥེས་ཉེ་ལམ་ཞིག་ནས་ཁྲིམས་འཛིན་ལྷན་ཁང་གིས་ལས་དོན་སྒྲུབ་ཕྱོགས་ལ་བལྟས་ན་ང་ཚོས་དཔྱིད་ཀ་བར་དུ་ཚོགས་འདུ་འཚོགས་རྒྱུ་སྒུག་ཐུབ་ས་མ་རེད། ང་ཚོས་བློ་འཚབ་བྱ་དགོས་པའི་གནད་དོན་མང་དག་ཅིག་འདུག་ཅེས་བཤད། ཡིན་ནའང་ཨ་རིའི་གསར་འགོད་པ་ཚོས་དབུས་ཁྲིམས་ཞིབ་པའི་མཐུན་ཚོགས་ཀྱིས་གནད་དོན་ཅི་ཞིག་ལ་གྲོས་བསྡུར་བྱ་རྒྱུ་ཡིན་མིན་སོགས་དྲིས་པར་ལན་འདེབས་བྱས་མེད་པ་དང་། རྒྱལ་ས་ཝ་ཤིང་ཊོན་གྱི་དབུས་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཨེ་མཱི་བྷར་མན་ཇེཀ་སན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་རོ་ཇཱེར་སི་ཊོན་གྱི་གྱོད་གཞི་དེར་ཐག་གཅོད་བྱེད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཊོས་ཊར་དྲྭ་ལམ་དུ་ཁྲིམས་ཞིབ་པར་སྐྱོན་བརྗོད་ཀྱི་འཕྲིན་ཐུང་སྤེལ། ཌོ་ནལ་ཊམ་གྱི་འཕྲིན་ཐུང་དེར་ཁྲིམས་ཞིབ་པ་འདིས་ངའི་འོས་འདེམས་ལས་འགུལ་གྱི་འགན་འཛིན་ཟུར་པ་ཕཱོལ་མེ་ན་ཧྥོར་ལའང་ཁྲིམས་ཐག་དྲང་སྙོམས་ཤིག་བཅད་མ་སོང་ཞེས་བཀོད། ཕཱོལ་མེ་ན་ཧྥོར་གྱིས་ཁྲིམས་འགལ་བྱས་ནས་ལོ་༧་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཨ་མི་རི་ཀའི་དབུས་ཁྲིམས་ཞིབ་པའི་མཐུན་ཚོགས་ཀྱིས་རོ་ཇཱེར་སི་ཊོན་གྱི་གྱོད་གཞི་དེར་ཐེ་གཏོགས་བྱ་འཆར་མེད། ཡིན་ནའང་ཁྲིམས་ཞིབ་པ་ཨེ་མི་བྷར་མན་ཇེཀ་སན་ལ་རྒྱབ་སྐྱོར་ཡོད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG