ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དཔང་རྟགས་སྦས་སྐུང་པ་གཉིས་འཛིན་བཟུང་།


༄༅།། ཨ་མི་རི་ཀའི་བྷོ་སི་ཊོན་གྲོང་ཁྱེར་གྱི་རྒྱུག་རྩལ་འགྲན་བསྡུར་སྐབས་སུ་འབར་མདེལ་གྱིས་གཏོར་རྒོལ་བྱས་པ་དེ་ནི། ཕྱི་ལོ་༢༠༠༡་གི་ཟླ་བ་༩་བའི་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་རྒོལ་རྡུང་བྱས་པའི་རྗེས་སུ་ཨ་མི་རི་ཀའི་ས་ཐོག་ཏུ་གཏོང་རྒོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཐོག་མར་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁང་གིས་བྷོ་སི་ཊོན་གྲོང་ཁྱེར་གྱི་གཏོར་རྒོལ་དེ་ལོ་ངོ་བཅུ་ཕྲག་ཅིག་གི་གོང་དུ་ཆེ་ཆི་ཎི་ཡ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་བའི་སཱར་ཎ་ཡེབ་སྤུན་མཆེད་ཀྱིས་བྱས་ཡོད་པའི་ཚོད་དཔག་བྱས་རུང་། ད་ལྟ་ཨ་མི་རི་ཀའི་དབུས་ཞིབ་གཅོད་ཁང་གིས་ཁ་ཛཀ་སི་ཐན་ནས་སློབ་གཉེར་ལ་ཡོང་བའི་སློབ་ཕྲུག་གཉིས་ཀྱིས་གཏོར་རྒོལ་དེའི་རྫས་སྨན་གྱི་དཔང་རྟགས་རྣམས་སྦས་སྐུང་བྱས་པ་དང་། ཁོ་ཚོས་འབར་མདེལ་གྱིས་གཏོར་རྒོལ་བྱེད་མཁན་ཞིག་གཞུང་གིས་བཀྲམ་པའི་བརྙན་པར་ལ་བལྟས་ནས་ཞི་ཁར་སཱར་ཎ་ཡེབ་ཡིན་པ་ངོ་ཟིན་ཀྱང་ཨ་མི་རི་ཀའི་བདེ་འཇགས་མི་སྣ་ཚོར་སྙན་གསེང་མ་ཞུས་པ་མ་ཟད། ཁོ་ཚོ་ཞི་ཁར་སཱར་ཎ་ཡེབ་ཀྱི་སློབ་གྲྭའི་ཉལ་ཁང་ལ་སོང་ནས་ཤོག་སྤག་གི་ཐུམ་དང་སྦི་སྡི་ནང་གི་རྫས་སྨན་བླངས་པའི་ཤོག་སྙིགས། ད་དུང་ཞི་ཁར་སཱར་ཎ་ཡེབ་ཀྱི་ཀམ་ཕུ་ཀྲ་དང་འབར་མདེལ་བཟོ་སྤྱད་ཀྱི་ཅ་ལག་འཕྲོ་མ་རྣམས་ཁུག་མའི་ནང་དུ་བཅུག་རང་ཁྱིམ་ལ་འཁྱེར་པ་དང་། ཁོ་ཚོས་ཉིན་ཤས་རྗེས་སུ་འབར་མདེལ་བཟོས་པའི་དཔང་རྟགས་དེ་དག་གད་སྙིགས་ཁྲོད་དུ་གཡུགས་ཡོད་པ་རྩད་གཅོད་ཐུབ་སྟེ། ཕྱི་ཟླ་༥་ཚེས་༡་ཉིན་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གིས་ཁ་ཛཀ་སི་ཐན་གྱི་སློབ་ཕྲུག་གཉིས་དང་ཨ་མི་རི་ཀའི་མི་རིགས་ནག་པོའི་ན་གཞོན་ཞིག་བཅས་མི་གསུམ་འཛིན་བཟུང་བྱས་པ་དང་། ཁོ་ཚོར་གཏོར་རྒོལ་གྱི་དཔང་རྟགས་སྤས་སྐུང་དང་རྩད་གཅོད་ལས་དོན་ལ་འགོག་རྐྱེན། ཉེས་ཅན་པ་འགེབས་སྲུང་བྱས་པའི་ནག་ཉེས་བཙུགས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG