ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། 


༄༅།། ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་དྲྭ་ཚོགས་ཁག་གིས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་ཇུས་བྱས་པ་དང་དྲྭ་ལམ་ནས་ཨ་རིའི་གཞུང་དང་སྒེར་གྱི་ལས་ཁུངས་ཁག་གི་གནས་ཚུལ་རྐུ་འཁྱེར། ཨ་རིའི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་བྱས་པ་སོགས་ལ་ཉེས་ཆད་དྲག་པོ་གཅོད་རྒྱུའི་གསལ་བསྒྲགས་སྤེལ་འཆར་ཡོད་འདུག ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཉེས་ཆད་གཅོད་ཡུལ་ཁོངས་སུ་ཨུ་རུ་སུའི་ཚོགས་པ་༣༠་ལྷག་དང་ཨ་རིར་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་དང་གསང་བའི་ལས་ཁུངས་ཀྱི་ལས་སྣེ་༡༠་ཡས་མས་ཤིག་ཨ་མི་རི་ཀ་ནས་ཕྱིར་འབུད་གཏོང་རྒྱུ། སྲིད་འཛིན་བྷ་ཌན་གྱིས་ལོ་འདིའི་ཕྱི་ཟླ་༦་པའི་མགོ་སྟོད་ནས་ཨ་རིའི་དངུལ་རྩའི་ཚོང་ལས་ཁག་གིས་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་གྱི་དངུལ་འཛིན་རྣམས་ཉོ་ཚོང་བྱེད་མི་ཆོག་པའི་བཀོད་ཁྱབ་གཏོང་རྒྱུ། འདས་པའི་ལོ་བཞིའི་རིང་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཨུ་རུ་སུ་ལ་ཧ་ཅང་གི་བཟོད་པོ་བྱས་ནས་ཉེས་ཆད་སོགས་གང་ཡང་མ་བཅད། བྷ་ཌན་གྱི་སྲིད་གཞུང་གསར་པས་ཟླ་ཤས་གོང་དུ་ཨུ་རུ་སུ་རྒྱ་ཡན་དུ་མ་བཏང་བར་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཁ་པར་བཏང་ནས་ཨ་མ་རི་ཀས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁེ་ཕན་གྱི་ཆེད་དུ་ལན་པ་ནན་པོ་སློག་རྒྱུ་ཡིན་ཞེས་བཤད། ཨ་རིས་ཨུ་རུ་སུ་ལ་ཉེས་ཆད་གཅོད་དགོས་པའི་རྒྱུ་མཚན་གྱི་ཁོངས་སུ་ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་མི་རྣམས་གསོད་ཐུབ་ཚེ། ཨུ་རུ་སུའི་གཞུང་གིས་ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་གྱེན་ལོག་ཤོག་ཁག་གི་འཐབ་མོ་བ་ཚོར་དངུལ་སྒོར་སྤྲོད་ཆོག་ཅེས་ངན་སྐུལ་བྱས་པ་སོགས་འགོད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱིས་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་ཁག་ལ་འཁོད་པ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་ཇཱོ་བྷ་ཌན་ལ་ཕམ་ཉེས་འབྱུང་དུ་འཇུག་དགོས་པ་དང་ཌོ་ནལ་ཊམ་སླར་ཡང་འདེམས་ཐོན་ཡོང་ཐབས་སུ་ཨུ་རུ་སུའི་དྲྭ་ཚོགས་ཁག་གིས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཐེ་ཇུས་བྱེད་དགོས་པའི་ཆོག་མཆན་བཀོད། དྲྭ་ཚོགས་ཤིག་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་པ་ཨ་མི་རི་ཀས་རྩད་གཅོད་བྱུང་ཞིང་། ཨུ་རུ་སུའི་དྲྭ་ཚོགས་ཁག་གིས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་དཀྲོག་གཏམ་སྒྲོགས་རྒྱུ་དང་གནས་ཚུལ་ལོག་པ་འགྲེམ་སྤེལ། ཇཱོ་བྷ་ཌན་ལ་གཞི་མེད་སྐྱོན་འཛུགས་སྣ་ཚོགས་ཤིག་བྱས་ནས་ཨ་རིའི་མི་དམངས་ཀྱི་བློ་ཁ་བསྒྱུར་རྒྱུ། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག ལྷག་པར་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྒེར་པ་ཁག་གིས་ཇཱོ་བྷ་ཌན་ལ་སྐྱོན་འཛུགས་བྱེད་ཐུབ་པའི་གནས་ཚུལ་མཁོ་སྒྲུབ་ཀྱི་ལས་འགན་བསྒྲུབས། སྔ་ལོ་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ཞིབ་འཇུག་པ་ཚོས་ཉི་རླུང་ཞེས་པའི་དྲྭ་ཇག་ཚོགས་པ་ཞིག་གིས་ཨ་རིའི་ནོར་སྲིད་ལྷན་ཁང་དང་ཁྲིམས་འཛིན་ལྷན་ཁང་། ཕྱི་སྲིད་ལྷན་ཁང་བཅས་གཞུང་སྒེར་གཉིས་ཀྱི་གློག་ཀླད་༡༨༠༠༠་ཐམ་པའི་ནང་དུ་སིམ་འཛུལ་བྱས་ནས་སྤྱི་སྒེར་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པར་མ་ཟད། ཨ་རིའི་གསང་བའི་ལས་ཁང་གིས་དྲྭ་ཇག་དེ་རྣམས་ཨུ་རུ་སུའི་ས་ཐོག་ཏུ་ཡོད་པ་ཤེས་རྟོགས་བྱུང་། ད་ལོའི་ཕྱི་ཟླ་༢་པར་མེག་རོ་སོབ་ཊི་བཟོ་ཚོང་ཁང་གི་གཙོ་འཛིན་སི་མཱི་ཐེས་ཉི་རླུང་ཞེས་པའི་དྲྭ་ཇག་ཚོགས་པ་ནི་འཛམ་གླིང་འདིར་བྱུང་མྱོང་མེད་པའི་ལག་རྩལ་མཁས་པ་དང་སྟོབས་ཤུགས་ཆེ་ཤོས་རེད་ཅེས་བཤད།།

གཟའ་འཁོར་འདིར་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་ཁྲི་ཚོ་༤་ལྷག་འགྲེམ་འཇོག་བྱས
གཟའ་འཁོར་འདིར་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་ཁྲི་ཚོ་༤་ལྷག་འགྲེམ་འཇོག་བྱས

གཟའ་འཁོར་འདིར་ཨ་མི་རི་ཀས་ཡོངས་གྲགས་སུ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་དམག་དཔུང་ཁྲི་ཚོ་༤་ལྷག་འགྲེམ་འཇོག་བྱས་ཡོད་པར་ངོ་རྒོལ་རྣམ་འགྱུར་དྲག་པོ་བསྟན། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་ས་མཚམས་སུ་དམག་དཔུང་འབོར་ཆེན་འདི་འདྲ་ཞིག་བཀྲམ་མྱོང་མེད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཐོག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཨུ་རུ་སུའི་དམག་དཔུང་ཕོན་ཆེན་ཞིག་ཡུཀ་རེན་གྱི་ཤར་ཕྱོགས་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཅེས་བཤད། ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གསར་པས་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་ལ་ཨུ་རུ་སུའི་གཞུང་གིས་གླས་དམག་ལ་ཟིང་འཁྲུག་སློང་དུ་འཇུག་རྒྱུ་དང་ལྐོག་གསོད། མཚོན་ཆ་ཕྱིར་ཚོང་དང་དྲྭ་ལམ་དུ་གཏོར་བཅོམ་སོགས་ཐབས་ཇུས་སྣ་ཚོགས་ཤིག་ལ་བརྟེན་ནས་ཨ་མི་རི་ཀར་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་དམག་གིས་ཨ་མི་རི་ཀར་དངོས་སུ་གདོང་ཐུག་རྒྱག་རྒྱུ་དེར་ཚོད་འཛིན་བྱེད་ཀྱི་འདུག་ཅེས་སྙན་གསེང་ཞུས། ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་ཉེས་ཆད་གཅོད་རྒྱུ་ཟླ་ཤས་འགོར་དགོས་པའི་རྒྱུ་མཚན་ནི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་གསང་བའི་ལས་ཁུངས་དང་ཕྱི་འབྲེལ་མི་སྣ་ཁག ཨུ་རུ་སུའི་ཚོགས་པ་ཁག་དང་སྒེར་པ་ཁག་ཅིག་ཐོ་འགོད་བྱས་ནས་ཕྱོགས་བསྒྲིགས་བྱས་པའི་ཐོ་གཞུང་དེར་ཕོ་བྲང་དཀར་པོ་འདོད་བློ་མ་ཚིམས་པར་ཉེས་ཆད་གཅོད་ཡུལ་གྱི་གྲངས་འབོར་མང་དུ་གཏོང་དགོས་བྱུང་འདུག སྲིད་འཛིན་བྷ་ཌན་གྱིས་ལས་ཁུར་བཞེས་ནས་བདུན་ཕྲག་གཅིག་གི་གཞུག་དེར་ཨུ་རུ་སུ་ལ་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས།།

ཕོ་བྲང་དཀར་པོའི་ལས་སྣེ་ཞིག་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཨུ་རུ་སུ་ལ་ཉེས་ཆད་གཅོད་ཀྱི་ཡོད་པ་འདི་ཨ་མི་རི་ཀ་གཅིག་པུས་ལག་ལེན་བསྟར་དགོས་པ་ཞིག་ཡིན་རྒྱུ་མ་རེད། ད་ཐེངས་ཀྱི་ཉེས་ཆད་འདི་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ལག་ལེན་བསྟར་རྒྱུ་ཡོད་པ་ཞིག་ཡིན་པའི་རྟགས་མཚན་མངོན། ཕྱི་ཟླ་༤་པའི་ཚེས་༡༥་ཉིན་ཨ་རིའི་གཞུང་གིས་ཨུ་རུ་སུ་ལ་ཉེས་ཆད་གཅོད་རྒྱུ་དངོས་སུ་གསལ་བསྒྲགས་བྱས་པའི་སྐབས་སུ་གནས་ཚུལ་ཚང་མ་ཤེས་རྟོགས་ཐུབ་ཅེས་བཀྲལ། ཨུ་རུ་སུ་ལ་ཉེས་ཆད་བཅད་པ་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ནོར་སྲིད་ལྷན་ཁང་གཉིས་ཀྱིས་ལག་ལེན་བསྟར་རྒྱུ། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་ནེའུ་ཡོཀ་གྲོང་ཁྱེར་དང་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་བཅུ་གྲངས་ཤིག་ཉི་མ་༣༠་ཐམ་པའི་ནང་ཚུད་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་ཕྱིར་འབུད་གཏོང་འཆར་ཡོད། དེར་བརྟེན་ཨུ་རུ་སུའི་གཞུང་གིས་ཀྱང་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་རྣམས་ཕྱིར་འབུད་བཏང་ནས་ལན་པ་སློག་སྲིད་པར་གྲ་སྒྲིག་བྱ་དགོས་ཞེས་སྔོན་བཏང་འདུག ཨ་མི་རི་ཀའི་གཞུང་གིས་ཉེས་ཆད་བཅད་ནས་ཨུ་རུ་སུའི་གཞུང་གིས་སྤྱོད་ངན་སྤེལ་གྱི་ཡོད་པར་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་མིན་བཤད་དཀའ། འོན་ཀྱང་ཨ་མི་རི་ཀའི་ཉེས་ཆད་དེས་ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་ཆེན་པོ་ཞིག་ཐེབས་རྒྱུ་ཉག་ཅིག་རེད། ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་རྣམས་ཨ་མི་རི་ཀ་དང་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཤུགས་ཆེན་པོ་ཞིག་བརྟེན་འདུག

སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཕྱོགས་གཅིག་ནས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད་ཀྱང་ཕྱོགས་གཞན་དེར་ཨུ་རུ་སུ་ལ་འབྲེལ་བ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་སྟེ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ཨུ་རུ་སུར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་གནས་སྐབས་རིང་འཕོ་འགྱུར་གཏོང་རྒྱུ་མིན་པ། སྲིད་འཛིན་བྷ་ཌན་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་སུ་ཟླ་མཇུག་འདིར་རྒྱལ་ཁབ་༤༠་ཐམ་པའི་འགོ་ཁྲིད་ཚོ་དྲྭ་ལམ་གྱི་ཚོགས་འདུ་ཞིག་ལ་གདན་འདྲེན་ཞུས་ཡོད་པ་དེའི་ཁོངས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཡང་གདན་འདྲེན་ཞུས། ཕྱི་ཟླ་༤་པའི་ཚེས་༡༣་ཉིན་སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཨ་རི་དང་ཨུ་རུ་སུ་མ་ཡིན་པའི་རྒྱལ་ཁབ་གསུམ་པ་ཞིག་གི་ས་ཐོག་ཏུ་ལྷན་འཛོམས་གྲོས་མོལ་བྱ་དགོས། ངས་ཨ་མི་རི་ཀའི་ཁེ་ཕན་བློས་མ་བཏང་བར་ཨུ་རུ་སུ་ལ་འབྲེལ་བ་བརྟན་པོ་དང་ཡིད་རྟོན་རུང་བ་ཞིག་འཛིན་འདོད་ཡོད། ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་ཉུང་འཕྲིའི་ཆིངས་ཡིག་བཞག་ཡོད་པ་ཁག་ཀྱང་ཡར་རྒྱས་གཏོང་རྒྱུའི་གྲོས་སྡུར་བྱེད་ཆོག ཨ་མི་རི་ཀས་གཡོ་བ་མེད་པར་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡུཀ་རེན་གྱི་ས་མཚམས་སུ་ཨུ་རུ་སུའི་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པ་རྣམས་སྲིད་འཛིན་ཕུ་ཊིན་གྱིས་ཕྱིར་འཐེན་བྱས་ནས་ཛ་དྲག་གི་གནས་སྟངས་ཞི་འཇམ་གཏོང་དགོས་ཞེས་ནན་སྐུལ་བྱས་འདུག སྲིད་འཛིན་ཕུ་ཊིན་གྱིས་ཀྱང་སྲིད་འཛིན་བྷ་ཌན་ལ་གང་མགྱོགས་ལྷན་འཛོམས་གྲོས་མོལ་བྱེད་ཐུབ་པའི་རེ་བ་ཡོད། ཨ་མི་རི་ཀར་དུས་ཚོད་དང་ས་གནས་གང་དུ་སྟབས་བདེ་རུང་ང་ཚོར་གྲ་སྒྲིག་ཡོད་ཅེས་ལན་འདེབས་བྱས་ནས་བཀའ་མོལ་ཡག་པོ་ཞིག་བྱུང་སོང་ཞེས་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG