ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དགེ་བཤེས་བློ་བཟང་ཚེ་རིང་ལགས་ཉིན་ཉེར་བདུན་རྗེས་ཐུགས་དམ་ལས་གྲོལ་འདུག


དགའ་ལྡན་བྱང་རྩེ་ཕ་ར་ཁང་ཚན་གྱི་དགེ་བཤེས་བློ་བཟང་ཚེ་རིང་ཉིན་གྲངས་༢༧ རིང་ཐུགས་དམ་ལ་བཞུགས་རྗེས་རེས་གཟའ་ཉི་མའི་ཉིན་ཐུགས་དམ་ལས་གྲོལ་འདུག་པ་དང་། དེ་ཡང་སྤྱི་ཟླ་ ༥ ཚེས་༥ ཉིན་དགོངས་པ་རྫོགས་ཏེ་རེས་གཟའ་ཉི་མའི་བར་ཉིན་གྲངས་༢༧ རིང་ཐུགས་དམ་ལ་བཞུགས་འདུག་ཅིང་། ཁོང་གི་དགེ་ཕྲུག་ཕ་ར་ཁང་ཚན་གྱི་གཉའ་ངོས་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན་ལ་ རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་སྔ་དྲོའི་ཕྱག་ཚོད་༧ ཡས་མས་ལ་ཤངས་གཡས་གཡོན་ནས་བྱང་སེམས་དཀར་དམར་བབ་པ་དང་ཐུགས་དམ་ལས་གྲོལ་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་གིས་མུ་མཐུད་གསུངས་དོན་ལ་ སང་ཉིན་རེས་གཟའ་ཟླ་བའི་སྔ་དྲོ་སྐུ་ཕུང་གཞུགས་འབུལ་གནང་འཆར་ཡོད་ཀྱང་རྒན་ཁོང་དགོངས་པ་མ་རྫོགས་སྔོན་དུ་དབུ་ལ་རིགས་ལྔ་སྒྲོན་པ་སོགས་བྱེད་མི་དགོས་པར་མི་དཀྱུས་མ་ལྟར་དུར་ཁྲོད་དུ་ཕུང་བསྲེག་བྱེད་དགོས་པའི་ཞལ་མཆེམས་བཞག་པ་བཞིན་མཇུག་འཁྱོངས་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

ཡང་སེར་སྨད་དགེ་བཤེས་དཀོན་མཆོག་དོན་གྲུབ་ལགས་བོད་ནང་རང་གི་ཕ་ཡུལ་དགོན་དུ་དུ་གྲོངས་རྗེས་ཐུགས་དམ་ལ་བཞུགས་ནས་ད་བར་ཉིན་གྲངས་༢༣ འགྲོ་བཞིན་ཡོད་འདུག་པ་དང་། ཁོང་ནི་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་ཀྱི་དབུ་མཛད་ཟུར་བ་ཡིན་ཅིང་། སྤྱི་ལོ་༢༠༡༦ ལོར་བོད་ལ་གཉེན་འཕྲད་དུ་ཕེབས་འདུག་ཅིང་། ཕ་ཡུལ་མང་ཚོགས་དང་དམར་སྙུང་མཁན་སྤྲུལ་གྱིས་རེ་འདུན་ཞུས་པ་བཞིན་བཀྲིས་དགེ་འཕེལ་གླིང་དུ་བཞུགས་ནས་གྲ་མང་ལ་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་གྱི་སློབ་ཁྲིད་གནང་ནས་བཞུགས་ཡོད་པ་རེད་འདུག ཁོང་གི་དགེ་ཕྲུག་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་དམར་སྙུང་ཁང་ཚན་གྱི་དགེ་བཤེས་བསམ་གཏན་ལགས་ཀྱིས་གསུངས་དོན་ལ་ རྒན་དམ་པ་དེ་སྤྱི་ཟླ་༥ ཚེས་༩་ཉིན་བཀྲིས་དགེ་འཕེལ་གླིང་དགོན་དུ་དགོངས་པ་རྫོགས་ཏེ་ཐུགས་དམ་བཞུགས་ཡོད་པ་དང་དེ་རིང་བར་ཉིན་གྲངས་༢༣ སོང་ཡོད་ནའང་སྐུ་ལ་དྲི་ངན་མེད་ཅིང་གཟི་གདངས་མ་ཉམས་པར་དབུ་སྐྲ་ཡང་སྐྱེ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག ཁོང་དགུང་ལོ་ ༨༤ ལ་ཕེབས་ཡོད་པ་རེད་འདུག

XS
SM
MD
LG