ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུཀ་རེན་གྱི་དམག་འཁྲུག་གིས་རུ་སོག་གི་འབྲེལ་བར་དཀའ་ངལ།


༄༅།། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་རྒྱལ་སྤྱིའི་ཐོག་ཏུ་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། སོག་ཡུལ་དང་ཨུ་རུ་སུ་གཉིས་ལ་དཔལ་འབྱོར་དང་ཚོང་ལས། སྤྱི་ཚོགས་དང་ལོ་རྒྱུས་བཅས་ཀྱི་འབྲེལ་བ་ཡོད་པ་དེར་དོ་ཕོག་འགྲོ་རྒྱུའི་ཉེན་ཁ་འཕྲད། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་ཀུན་སྤྱོད་ཀྱི་ཆ་ནས་སོག་པོའི་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་མིན་ཞིང་། འོན་ཀྱང་སོག་ཡུལ་གང་ཅིའི་ཐད་དུ་ཨུ་རུ་སུར་བརྟེན་དགོས་པའི་སྟབས་ཀྱིས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད་པའི་གནས་ཚུན་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༦་ཉིན་རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཨུ་རུ་སུ་དང་སོག་ཡུལ་གཉིས་ཀྱིས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་གྲོས་མཐུན་བཞག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་རྡུང་གཏོང་བའི་གྲོས་ཆོད་དེར་སོག་ཡུལ་གྱིས་འོས་ཤོག་མ་འཕངས་པར་གཡོལ་ཐབས་ཀྱི་ལངས་ཕྱོགས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཐེངས་གཉིས་པའི་སྐབས་སུའང་སོག་ཡུལ་ཟུར་དུ་བར་གནས་སུ་བསྡད། སོག་པོའི་གཞུང་གིས་ཨུ་རུ་སུར་ཕོག་ཐུག་གཏོང་མི་དགོས་པའི་གཙོ་འདོན་བྱེད་ཀྱི་ཡོད་ཀྱང་སོག་པོའི་མི་མང་གིས་ཡུཀ་རེན་གྱི་རྒྱལ་དར་དང་སོག་པོའི་རྒྱལ་དར་འཕྱར་ནས་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། ད་དུང་ཨུ་རུ་སུའི་མི་མང་དང་མཐོ་རིམ་འགོ་ཁྲིད་མང་དག་ཅིག་གིས་སོག་ཡུལ་ནི་སྔོན་མའི་ཨུ་རུ་སུ་དམར་ཤོག་གི་སྤྱི་མཐུན་ས་གནས་ཨང་༡༦་པ་དེ་ཡིན་པའི་འདུ་ཤེས་དོར་མ་ཐུབ། ཡུཀ་རེན་དང་སོག་ཡུལ་གཉིས་ཨུ་རུ་སུར་ལོ་རྒྱུས་དང་སྤྱི་ཚོགས། ས་ཁམས་རྣམས་འདྲེས་ཡོད་པས་ཨུ་རུ་སུའི་འགོ་ཁྲིད་ཁག་ཅིག་ལ་བསམ་བློའི་གཏིང་ནས་སོག་ཡུལ་དང་ཡུཀ་རེན་གྱི་རང་བཙན་ལ་ངོས་ལེན་བྱེད་འདོད་མེད་པ་སྟེ། ཕུ་ཊིན་གྱིས་ཡུཀ་རེན་ནི་དོན་དངོས་ཀྱི་རང་བཙན་རྒྱལ་ཁབ་ཅིག་མ་རེད། ཡུཀ་རེན་རྒྱལ་ཁབ་ཟེར་བ་དེ་ལེ་ནིན་གྱིས་གསར་འཛུགས་བྱས་པའི་རྒྱལ་ཁབ་རྫུན་མ་ཞིག་རེད་ཅེས་ཁ་གསང་ནས་བཤད།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་མཚོན་ན་ཆུང་དུས་སོག་ཡུལ་གྱི་ཨེར་ཏེ་ནེ་ཊི་གྲོང་ཁྱེར་དུ་བསྡད་མྱོང་ཡོད་ཅིང་། སྲིད་འཛིན་ཛེ་ལན་སི་ཀིའི་ཨ་ཕ་སོག་ཡུལ་གྱི་ཨེར་ཏེ་ནེ་ཊི་གཏེར་ཁ་སྔོན་འདོན་ལས་གྲྭ་འཛུགས་ཀྱི་ངལ་རྩོལ་ལ་ཞུགས། སྐབས་དེར་ཨེར་ཏེ་ནེ་ཊི་གཏེར་ཁ་སྔོན་འདོན་ལས་གྲྭ་ནི་ཨེ་ཤི་ཡའི་གཏེར་ཁ་སྔོན་འདོན་ལས་གྲྭ་ཆེ་ཤོས་དེ་ཡིན་པ་དང་གཏེར་རྡོ་རྣམས་སོག་ཡུལ་ནས་ཐད་ཀར་ཁ་ཛཀ་སི་ཐན་ལ་ཁྱེར་ནས་བཞུ་སྦྱང་བྱས་འདུག སོག་ཡུལ་གྱིས་ཨུ་རུ་སུ་གཙོ་བོ་དང་རྒྱ་ནག་ཨང་གཉིས་པར་འཛིན་པའི་སྲིད་ཇུས་ཤིག་འཛིན་པའི་ཞོར་དུ་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། དེ་སྔའི་ཝོར་སོ་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ཟུར་པ་ཁག་ལའང་རིམ་བཞིན་འབྲེལ་བ་ཡར་རྒྱས་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་གསུམ་པ་ཞིག་འཛིན་མགོ་བརྩམས། ༡༩༨༩་ནས་༩༠་ཐམ་པའི་བར་དུ་སོག་ཡུལ་ལ་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལངས་ནས་སོག་པོའི་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་རྒྱ་བསྐྱེད། ༡༩༨༩་དང་༩༠་ཐམ་པའི་ལོར་སོག་ཡུལ་གྱི་སློབ་ཕྲུག་ཚོས་དབུས་ཆབ་སྲིད་ལྷན་ཁང་གི་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་པར་མ་ཟད། སོག་ཡུལ་ལ་དམངས་གཙོའི་འོས་འདེམས་བྱ་དགོས་ཞེས་སྐད་འབོད་བྱས་ནས་༢༠༢༠་དང་༢༠༢༡་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་སྐབས་སུ་སོག་པོའི་མི་དམངས་ཚོགས་པའི་སྲིད་དབང་སྲ་བརྟན་བྱུང་། སོག་པོའི་མི་དམངས་ཚོགས་པ་ནི་༡༩༨༩་དང་༩༠་ཐམ་པའི་སློབ་ཕྲུག་གི་ལས་འགུལ་སྐབས་སུ་བཙུགས་པའི་སོག་པོའི་དམངས་གཙོ་ཚོགས་པ་ཡིན་ཞིང་། སོག་པོའི་མི་དམངས་ཚོགས་པར་སྲིད་དབང་ཐོབ་པའི་རྗེས་སུ་སོག་ཡུལ་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་དང་མི་ཚོགས་འདུས་ནས་ངོ་རྒོལ་བྱེད་མི་ཆོག་པ། ལྷག་པར་དུ་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཨུ་རུ་སུར་ངོ་རྒོལ་བྱེད་མི་ཆོག་ཅེས་དམ་དྲག་གི་སྒྲིག་ཁྲིམས་རྣམས་ལག་ལེན་བསྟར།།

རྒྱལ་སྤྱིའི་ཆབ་སྲིད་དང་སྤྱི་ཚོགས་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༡༤་ཉིན་སོག་ཡུལ་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒོ་རྒྱ་བསྡམས་པ་ཕྱིར་འཐེན་བྱས་ཤིང་། ཕྱི་ཟླ་༢་པའི་ཚེས་༢༨་ཉིན་སོག་པོ་༢༠་ཡས་མས་ཤིག་སུག་བྷ་ཏར་ཐང་ཆེན་དུ་འདུས་ནས་ཡུཀ་རེན་མི་དམངས་ལ་གདུང་སེམས་མཉམ་སྐྱེད་དང་ཨུ་རུ་སུར་ངོ་རྒོལ་གྱི་ལས་འགུལ་སྤེལ། སོག་པོའི་མི་རིགས་རིང་ལུགས་ཀྱི་ཐལ་སྐྱོད་ཉེན་རྟོག་པ་ཚོས་ངོ་རྒོལ་ལས་འགུལ་བཀག དེའི་རྗེས་སུ་སོག་ཡུལ་གྱི་ཨལ་ཏན་ཏ་རི་ཡ་གྲོ་ཕྱེ་བཟོ་གྲྭའི་ལྕགས་མཛོད་ཐོག་ཏུ་ཡུཀ་རེན་གྱི་རྒྱལ་དར་བྲིས། སོག་ཡུལ་གྱི་ཉེན་རྟོག་པ་ཨལ་ཏན་ཏ་རི་ཡ་གྲོ་ཕྱེ་བཟོ་གྲྭར་སོང་སྟེ་ཡུཀ་རེན་གྱི་རྒྱལ་དར་བསུབ་དགོས་པའི་བཀའ་བཏང་ཡང་ཕན་ཐོགས་མ་བྱུང་བའི་གནས་ཚུལ་ཐོན། ད་ལོའི་ཕྱི་ཟླ་༣་པ་ནས་སོག་ཡུལ་གྱི་རྒྱལ་སའི་སུག་བྷ་ཏར་ཐང་ཆེན་འཁྲིས་ཀྱི་རྒྱལ་ཡོངས་ཟློས་གར་ཁང་གི་མདུན་ཐང་དུ་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཁག་རྒྱུན་བསྐྱངས། སོག་ཡུལ་གྱི་ཉེན་རྟོག་པས་ཐད་ཀར་ངོ་རྒོལ་ལས་འགུལ་སྤེལ་མི་ཆོག་ཅེས་བཀག་སྡོམ་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་སོག་ཡུལ་གྱི་ངོ་རྒོལ་བ་ཚོས་སོག་པོའི་རྒྱལ་དར་དང་བྷུ་རི་ཡའི་རྒྱལ་དར། ཀལ་མུག་གི་རྒྱལ་དར་དང་ཐུ་བའི་རྒྱལ་དར་རྣམས་འཕྱར་ནས་རྒྱལ་ས་ཨུ་ལན་བྷ་ཏོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་གི་མདུན་དུ་རྔམ་སྟོན་བྱས་ཤིང་། ཁོ་ཚོས་སོག་ཡུལ་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པ་མཐར་སྐྲོད་གཏོང་དགོས་ཞེས་སྐད་བརྒྱབ། ཨུ་རུ་སུའི་གཞུང་གིས་བྷུ་རི་ཡ་དང་ཀལ་མུག་བ། ཐུ་བ་བཅས་སྔ་མོར་ཆེན་པོ་ཧོར་གྱི་རིགས་སུ་གཏོགས་པ་དང་ད་ལྟ་ཨུ་རུ་སུའི་གྲངས་ཉུང་མི་རིགས་སུ་གྱུར་པའི་རིགས་ཚོ་ཁག་གི་མི་མང་དབུལ་ཕོངས་ཀྱི་དམག་མི་རྣམས་ཡུཀ་རེན་གྱི་ས་ཐོག་ཏུ་བཏང་སྟེ་འཆི་རྨས་ཚབས་ཆེན་འཕོག་གི་ཡོད་པར་ཁོང་ཁྲོས་བརྟས།།

སོག་པོའི་མི་མང་གིས་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེས་ཡུཀ་རེན་གྱི་རང་བཙན་དང་བདག་དབང་། མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར། བྷུ་རུ་ཡ་དང་ཀལ་མུག ཐུ་བ་གསུམ་གྱི་མི་དམངས་ལའང་སོག་པོ་ཚོས་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་འཛིན་གྱི་ཡོད་པའི་རྣམ་འགྱུར་ཕྱི་ལ་བསྟན། ཨུ་རུ་སུའི་དམག་དོན་ཉམས་ཞིབ་པ་ལི་ཛིན་ཞེས་པ་ཞིག་གིས་དབྱིན་ཇིའི་གྷ་ཌི་ཡན་ཚགས་པར་གྱི་གསར་འགོད་པར་༢༠༡༥་ནས་ཨུ་རུ་སུའི་དམག་མི་མང་པོ་ཞིག་ལ་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་ཏུ་ཨུ་སྲོག་སྐྱོན་འཕོག་གི་འདུག དམག་མི་སྲོག་སྐྱོན་ཕོག་མཁན་ཕལ་ཆེ་བ་མཐའ་ཁོབ་ཀྱི་སྤྱི་མཐུན་ས་གནས་ཁག་གི་གྲངས་ཉུང་མི་རིགས་རྣམས་རེད། ཧ་ཅང་བློ་ཕངས་པ་ཞིག་ལ་ཨུ་རུ་སུའི་མི་དམངས་ཕལ་ཆེ་བས་བྷུ་རི་ཡ་དང་ཀལ་མུག་བ། ཐུ་བ་དང་ཌ་གྷེ་སི་ཐན་གྱི་ཁ་ཆེ་ཚོ་དམག་ས་ཁག་ཏུ་ཤི་ན་མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་སོགས་ཀྱི་ཨུ་རུ་སུའི་མི་རིགས་དཀར་པོ་དང་མིག་མདོག་སྔོན་པོ་ཅན་རྣམས་ཤི་བ་ལས་ཪིན་ཐང་ཆུང་བ་རྩི་ཡི་འདུག ཨུ་རུ་སུའི་དམག་གི་བཀོད་འདོམས་པ་ཚོས་ཀྱང་ཉེན་ཁ་ཆེ་བའི་འཕྲལ་སྒྲུབ་ཀྱི་ལས་འགན་རྣམས་བྷུ་རི་ཡ་དང་ཀལ་མུག་བ་སོགས་ཀྱི་དམག་མི་ཚོར་སྒྲུབ་ཏུ་འཇུག་གི་འདུག་ཅེས་བཀྲལ། བྷུ་རི་ཡ་ས་གནས་ཀྱི་ལུ་ཌི་བྷ་ཡེ་ཀ་ལ་རང་དབང་གསར་ཁང་གི་གསར་འགོད་པ་ཨོལ་གྷ་མུ་ཏོ་ཝི་ན་ཞེས་པ་ཞིག་གིས་བྷུ་རི་ཡ་ས་གནས་གཅིག་པུའི་དམག་མི་༤༥་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་རྩད་གཅོད་ཐུབ་སོང་། བྷུ་རི་ཡའི་དམག་མི་ཤི་བའི་གྲངས་འབོར་ངོ་མ་ནི་དེ་བས་ཀྱང་མང་བ་ཡོད་ཤས་ཆེ་ཞེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རི་དང་ཡུ་རོབ་མཉམ་འབྲེལ། ཉི་ཧོང་དང་ཨོ་གླིང་། ལྷོ་ཀོ་རི་ཡ་དང་ཐེ་ཝན་སོགས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་བཅད། དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་བཅད་པའི་རྗེས་སུ་ཨུ་རུ་སུའི་ཕྱིར་ཚོང་དང་ནང་འདྲེན་གྱི་ཚོང་ལས་རྣམས་འགགས། སོག་ཡུལ་ལ་འབྲུ་རིགས་དང་རྡོ་སྣུམ། སོལ་རླངས་སོགས་ཀྱི་ཐོན་སྐྱེད་རྣམས་ཉུང་དུ་སོང་སྟེ་རིན་གོང་འཕར། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་ནས་ས་མཚམས་སྒོ་བརྒྱབ་ཡོད་པས་སོག་ཡུལ་གྱི་རྡོ་སོལ་རྒྱ་ནག་ལ་ཕྱིར་ཚོང་བྱེད་མ་ཐུབ་པར་དཀའ་ངལ་འཕྲད། ཡུཀ་རེན་གྱི་དམག་འཁྲུག་གིས་ཨུ་རུ་སུའི་དཔལ་འབྱོར་རྦད་དེ་ཉམས་ཉེས་སུ་གཏོང་སྲིད་པས་སོག་ཡུལ་དང་ཨུ་རུ་སུའི་ཚོང་ལས་ཀྱང་ཉམས་ཆག་འགྲོ་རྒྱུར་ཐེ་ཚོམ་བྲལ། ༢༠༡༤་ནས་རྒྱ་ནག་དང་སོག་ཡུལ། ཨུ་རུ་སུ་གསུམ་མཉམ་འབྲེལ་བྱས་ནས་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་དམིགས་ཡུལ་འཆང་ཡོད་པ་མངོན་དུ་འགྱུར་དཀའ། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་སོག་ཡུལ་ལྟ་བུའི་ཨུ་རུ་སུའི་མཐའ་མཚམས་སུ་ཆགས་ཡོད་པ་དང་ཨ་རི་སོགས་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་དང་རྒྱལ་སྲུང་མཉམ་འབྲེལ་ལམ། བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་མེད་པའི་རྒྱལ་ཁབ་ཁག་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་བསྐྱར་ཞིབ་བྱ་དགོས་པ་ཞིག་ཏུ་གྱུར། ཕུ་ཊིན་ལ་ཨུ་རུ་སུའི་དམར་ཤོག་བཙན་རྒྱལ་སླར་གསོ་བྱེད་འདོད་ཡོད་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆུང་ཁག་གི་རང་བཙན་དང་བདག་དབང་སོགས་ལ་བརྩི་སྲུང་བྱེད་འདོད་མེད་པ། ཨུ་རུ་སུའི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་གྱི་ཡོད་པའི་བློ་འཚབ་དང་དཀའ་ངལ་རྣམས་སོག་ཡུལ་ལའང་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG