ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་གྱི་དམག་སར་བྷུ་རི་ཡ་དང་ཐུ་བ་སོགས་ཀྱི་དམག་མིར་སྲོག་སྐྱོན།


༄༅།། དེང་སྐབས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་འཆི་རྨས་ཚབས་ཆེན་འཕོག་གི་ཡོད་པའི་གནས་ཚུལ་རྣམས་ཉིན་ལྟར་ཐོན། སྔོན་ཆད་ཨུ་རུ་སུས་ལོ་༡༠་ཐམ་པར་ཨབ་གྷ་ཎི་སི་ཐན་ལ་བཙན་འཛུལ་བྱས་པའི་སྐབས་སུ་དམག་མིར་སྲོག་སྐྱོན་བྱུང་བའི་གྲངས་འབོར་ལས་མང་བ་ཞིག་ཟླ་བ་གཅིག་གི་ནང་དུ་ཡུག་རེན་གྱི་དམག་ས་ཁག་ཏུ་ཤི་ཡོད་ཅིང་། འོན་ཀྱང་ཨུ་རུ་སུའི་དམག་ཁོངས་སུ་ལོ་བརྒྱ་ཕྲག་རིང་བོད་དང་རིག་ཆོས་རིག་གི་འབྲེལ་བ་དམ་ཟབ་ཡོད་པའི་ཆེན་པོ་ཧོར་གྱི་རིགས་རྒྱུད་དེ། དེང་སྐབས་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་བྷུ་རི་ཡ་དང་ཀལ་མུག ཐུ་བ་སྤྱི་མཐུན་ས་ཁུལ་ཞེས་འབོད་པའི་ནང་པའི་ས་གནས་ཁག་གི་ན་གཞོན་མང་དག་ཅིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད། ཁོ་ཚོའི་ཕུང་པོ་རྣམས་རང་ཡུལ་དུ་སྐྱེལ་འདྲེན་བྱེད་པའམ། ཡང་ན་ཕུང་པོ་མེར་བསྲེགས་པའི་པུར་ཐལ་རྣམས་འདས་པོ་དེ་དག་གི་ཕ་མ་དང་བཟའ་ཟླ་སྤུན་མཆེད་སོགས་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་མི་སྣ་རྒྱུས་ཡོད་ཅན་ཞིག་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཐུ་བའི་དམག་མི་༡༨་བསད་འདུག་ཟེར་གྱི་འདུག ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་བདུན་ཕྲག་དང་པོ་དང་གཉིས་པའི་མཚམས་དེར་དམག་སར་བསད་པའི་བྷུ་རི་ཡའི་མི་༡༦་གི་ཕུང་པོ་བསྲེགས་པའི་པུར་ཐལ་རྣམས་ཁྱིམ་ཚང་སོ་སོར་སྐྱེལ་བྱུང་ཟེར་གྱི་འདུག བྷུ་རི་ཡ་ས་གནས་སུ་གཉེན་སྒྲིག་བྱས་ནས་ཁྱིམ་གཞིས་ཆགས་ཡོད་པའི་བོད་པ་ཞིག་ཆུང་མའི་སྤུན་མཆེད་༤་དམག་ལ་འགྲོ་དགོས་བྱུང་སྟེ་གཅིག་ལ་རྨས་སྐྱོན་ཕོག གཞན་པ་གསུམ་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མི་འདུག་ཟེར་གྱི་འདུག ཡང་ས་གནས་དེར་གཉེན་སྒྲིག་བྱས་ནས་ཁྱིམ་གཞིས་ཆགས་ཡོད་པའི་བོད་པ་གཞན་ཞིག་གི་ཆུང་མའི་སྤུན་མཆེད་ཅིག་ཡུཀ་རེན་གྱི་དམག་སར་བསད་འདུག་ཅེས་བོད་ནང་གི་དགོན་སྡེ་ཁག་ལ་བསྔོ་བ་དང་སྨོན་ལམ་གསུང་དུ་བཅུག་སྟེ་མཆོད་འབུལ་བྱེད་ཀྱི་ཡོད་པའི་སྐད་ཆ་རྣམས་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ནས་གོ་ཐོས་བྱུང་སོང་ཞེས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་།།

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གནས་ཚུལ་སྤེལ་བ་ལྟར་ན། བྷུ་རི་ཡའི་རྒྱལ་ས་ཨུ་ལན་ཨུ་དྷེར་ནང་པའི་གྲྭ་པ་ཚོ་དང་ཁྱིམ་པ་བཅས་སེར་སྐྱ་མི་མང་རྣམས་ཡུཀ་རེན་གྱི་དམག་སར་བསད་པའི་དམག་མི་བཞིའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས། དམག་མི་འདས་པོ་ཨོ་དྷེབ་ཟེར་བ་ཞིག་གི་སྙིད་མོ་ཨོལ་གྷ་ཨོ་དྷེབ་ཟེར་བ་ཞིག་གིས་ང་ཚོས་སྡུག་བསྔལ་འདི་བཟོད་གླགས་མི་འདུག མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་འདི་མྱུར་དུ་མཚམས་ཆད་དགོས་ཀྱི་འདུག ང་ཚོའི་ཕོ་གསར་ཚོའི་གཅེས་སྲོག་རྣམས་འཆོར་གྱི་འདུག ཨོ་དྷེབ་ཀྱིས་འཐབ་གྲོགས་ཚོ་སྐྱོབ་པར་སོ་སོ་མདུན་དུ་བརྒྱུགས་པ་རེད། ང་ཚོ་བཟའ་མི་རྣམས་དང་གཞུང་གི་འགོ་ཁྲིད་ཚོ་དམག་འཁྲུག་འདིར་ལྟ་སྟངས་ཐ་དད་ཡིན་རུང་བྱ་ཐབས་མི་འདུག་ཅེས་དུར་འཇུག་མཛད་སྒོའི་རྗེས་སུ་གསར་འགོད་པར་སྡུག་སྐད་བརྒྱབ། ལོ་བཅུའི་གོང་དུ་ཨོ་དྷེབ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས། ཁོ་པ་ཕྱི་ཟླ་༣་པའི་ཚེས་༡༥་ཉིན་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ཉེ་འདབས་ཏེ། འདས་པོ་དེའི་ཕ་ཡུལ་དང་རྒྱང་ཁད་དབྱིན་ལེ་༤༠༠༠་ཡས་མས་ཤིག་ཡོད་པའི་མཚམས་སུ་བསད་འདུག

ད་སྔ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་བའི་ཀལ་མུག་བའི་དམག་མི་ཅི་ཙམ་ལ་འཆི་རྨས་བྱུང་ཡོད་མེད་ཤེས་རྟོགས་མི་ཐུབ་ཅིང་། འོན་ཀྱང་ཕྱི་ཟླ་༤་པའི་ཚེས་༡་ཉིན་ཡུཀ་རེན་གྱི་ཡུ་རོ་མེ་དྷན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཕྱི་ཟླ་༣་པའི་ཟླ་དཀྱིལ་དུ་ཡུཀ་རེན་གྱི་སཱ་མཱི་ས་གནས་སུ་ཨུ་རུ་སུའི་དམག་མིའི་རུ་ཁག་ཅིག་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཀལ་མུག་སྤྱི་མཐུན་ས་གནས་ཀྱི་ནང་པ་ཞིག་འདུག་ཅེས་ཀལ་མུག་བའི་དམག་མི་ཞིག་གི་འདྲ་པར་བཀོད། ཡང་༢༠༡༦་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་རྒྱལ་སྤྱིའི་དང་བླངས་ཚོགས་སྡེས་གནས་ཚུལ་སྤེལ་བ་ཞིག་གི་ནང་དུ་ཨུ་རུ་སུའི་གཞུང་གིས་འཇོར་ཇཱི་ཡའི་གྱེན་ལོག་ས་ཁུལ་ཨབ་ཁ་ཛི་ཡར་བཏང་བའི་ཀལ་མུག་གི་དམག་མི་ཁག་ཅིག་རྩྭ་ཐང་ཐོག་ཏུ་ལམ་ཁ་བརླགས་པ་རེད་ཅེས་གསར་འགྱུར་ཐོན། གོང་གནས་ཚུལ་དེས་ཨུ་རུ་སུའི་གཞུང་གིས་ཀལ་མུག་བའི་དམག་མི་རྣམས་ཡུཀ་རེན་གཅིག་པུ་མ་ཡིན་པར་ལོ་ཤས་སྔོན་ནས་འཇོར་ཇཱི་ཡའི་གྱེན་ལོག་ས་གནས་ཁག་ཏུའང་གཏོང་གི་ཡོད་པ་ར་འཕྲོད།།

ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་དམག་མི་ཅི་ཙམ་བསད་མིན་གྱི་གྲངས་འབོར་གསལ་པོ་ཞིག་ཤེས་རྟོགས་ཐུབ་དཀའ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༡༣༥༡་བསད་སོང་ཞེས་གསལ་བསྒྲགས་སྤེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དམག་མི་༧༠༠༠་ནས་༡༥༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་ཚོད་དཔག་གི་གནས་ཚུལ་སྤེལ། ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་དམག་མི་༡༦༠༠༠་ལྷག་བསད་པ་ཡིན་ཞེས་གཞི་གྲངས་ཐ་དད་ཅིག་བཏོན། གང་ལྟར་ཨུ་རུ་སུའི་གཞུང་གིས་ཀལ་མུག་བ་དང་བྷུ་རི་ཡ། ཐུ་བ་སོགས་ནང་པའི་ས་ཁུལ་ཁག་གི་དམག་མི་དང་ཆེ་ཆི་ཎི་ཡ། ཌ་གྷེ་སི་ཐན་གྱི་ཁ་ཆེའི་ས་ཁུལ་ཁག་གི་གྲངས་ཉུང་མི་རིགས་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་འཆི་རྨས་ཚབས་ཆེན་འབྱུང་གི་ཡོད་པ་དངོས་སུ་མཐོང་ཐོས་ཐུབ།།

ཨུ་རུ་སུའི་དམག་དོན་ཉམས་ཞིབ་མཁས་པ་ལུ་ཛིན་ཞེས་པ་ཞིག་གིས་བྷུ་རི་ཡ་དང་ཐུ་བ། ཌ་གྷེ་སི་ཐན་སོགས་གྲངས་ཉུང་མི་རིགས་ཀྱི་སྤྱི་མཐུན་ས་གནས་ཁག་གི་དམག་མི་ཚོར་ཡུཀ་རེན་གྱི་ས་ཐོག་ཏུ་འཆི་རྨས་འཕོག་གི་ཡོད་པ་ཧ་ཅང་གསལ་པོ་རེད། ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མངའ་སྡེ་༨༥་ཡོད་པ་དེའི་གྲས་ཀྱི་མངའ་སྡེ་༢༢་སྤྱི་མཐུན་ས་གནས་ཁག་རེད། སྤྱི་མཐུན་ས་གནས་དེ་རྣམས་ཨུ་རུ་སུའི་མི་རིགས་དཀར་པོ་ཡེ་ཤུའི་ཆོས་དད་པ་ཚོ་མིན་ཞིང་། ཨུ་རུ་སུའི་དམག་གི་གོ་གནས་དམའ་རིམ་ཕལ་ཆེ་བ་གྲངས་ཉུང་མི་རིགས་ཀྱི་དམག་མི་ན་གཞོན་ཚོར་སྤྲད་འདུག ན་གཞོན་དེ་ཚོ་དམག་ཁོངས་སུ་མ་ཞུགས་པར་འཚོ་བ་མ་འཁྱོལ། ཁོ་ཚོ་དམག་ཁོངས་སུ་ཞུགས་ན་ཟླ་ཕོགས་དང་འཚོ་བའི་དམིགས་སྒོ། ཕྱིས་སུ་མི་ཚེའི་མདུན་ལམ་ཞིག་རྙེད་ཀྱི་ཡོད་པས་དམག་ཁོངས་ལ་ཞུགས་རྒྱུ་གོ་སྐབས་ཤིག་ཏུ་རྩི་བཞིན་འདུག་ཅེས་བཀྲལ།།

བྷུ་རི་ཡ་ས་གནས་ཀྱི་ལུ་ཌི་བྷ་ཡེ་ཀ་ལ་རང་དབང་གསར་ཁང་གི་གསར་འགོད་པ་ཨོལ་གྷ་མུ་ཏོ་ཝི་ན་ཞེས་པ་ཞིག་གིས་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། གསར་ཁང་དེས་བྷུ་རི་ཡ་ས་གནས་གཅིག་པུའི་དམག་མི་༤༥་ཡུཀ་རེན་གྱི་ས་ཐོག་ཏུ་བསད་པ་རྩད་གཅོད་ཐུབ་སོང་། བྷུ་རི་ཡའི་དམག་མི་ཤི་བའི་གྲངས་འབོར་ངོ་མ་ནི་དེ་བས་ཀྱང་མང་བ་ཡོད་ཤས་ཆེ། བྷུ་རི་ཡའི་དམག་མི་མང་པོ་ཞིག་དམག་ས་ཁག་ཏུ་བསད་ཀྱང་བཤད་ཀྱི་མི་འདུག ང་དང་ལས་རོགས་གསར་འགོད་པ་གཞན་གཉིས་བཅས་ང་ཚོ་གསུམ་དུར་འཇུག་གི་མཛད་སྒོར་ཞུགས་པ་ཡིན། ང་ཚོས་ཉི་མ་གཅིག་དང་དུས་ཚོད་གཅིག་ལ་ཕུང་པོ་བཞི་མཉམ་དུ་དུར་འཇུག་བྱེད་དགོས་པ་འདི་འདྲ་ཞིག་མཐོང་ཐོས་འབྱུང་རྒྱུ་རེད་གཏན་ནས་དྲན་མ་མྱོང་། འདས་པོ་དེ་དག་གི་བཟའ་མི་དང་གཉེན་ཚན། གྲོང་མི་སོགས་མི་བརྒྱ་སྐོར་ཞིག་འདུས་འདུག ང་ཚོ་གསར་འགོད་པ་ཡིན་པ་ཤེས་རྟོགས་བྱུང་མ་ཐག་ཏུ་ས་གནས་ཉེན་རྟོག་པ་ཡོང་ནས་མཐར་སྐྲོད་བཏང་སོང་། ཉེ་ཆར་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་སྐོར་གསར་འགྱུར་རྫུན་མ་དང་དཀྲོག་གཏམ་སྤེལ་ན་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད་པས་དམག་མི་འདས་པོ་དེ་དག་གི་མིང་རྣམས་རྩད་གཅོད་བྱས་ནས་རང་དབང་གི་གསར་འགྱུར་སྤེལ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་འདུག་ཅེས་བཤད་འདུག

ཨུ་རུ་སུའི་དམག་དོན་ཉམས་ཞིབ་པ་ལི་ཛིན་གྱིས་མུ་མཐུད་དུ་གྷ་ཌི་ཡན་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ༢༠༡༥་ནས་ཨུ་རུ་སུའི་དམག་མི་མང་པོ་ཞིག་ལ་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་ཁག་ཏུ་སྲོག་སྐྱོན་ཕོག་མགོ་ཚུགས་པ་རེད། དམག་མི་སྲོག་སྐྱོན་ཕོག་མཁན་ཕལ་ཆེ་བ་མཐའ་ཁོབ་ཀྱི་སྤྱི་མཐུན་ས་གནས་ཁག་གི་གྲངས་ཉུང་མི་རིགས་རྣམས་རེད། ཧ་ཅང་བློ་ཕངས་པ་ཞིག་ལ་ཨུ་རུ་སུའི་མི་དམངས་ཕལ་ཆེ་བས་བྷུ་རི་ཡ་དང་ཀལ་མལ་མུག་བ། ཌ་གྷེ་སི་ཐན་གྱི་ཁ་ཆེ་སོགས་གྲངས་ཉུང་མི་རིགས་རྣམས་དམག་ས་ཁག་ཏུ་ཤི་ཚེ། མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་སོགས་ཀྱི་ཨུ་རུ་སུའི་མི་རིགས་དཀར་པོ་མིག་མདོག་སྔོན་པོ་ཅན་དེ་རྣམས་ཤི་བ་ལྟར་རིན་ཐང་་རྩི་ཡི་མི་འདུག ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཚོས་ཀྱང་ཉེན་ཁ་ཆེ་བའི་འཕྲལ་སྒྲུབ་ལས་འགན་རྣམས་དམག་སྡེ་གཞན་ལ་མི་སྤྲོད་པར་བྷུ་རི་ཡ་དང་ཀལ་མུག་བ་སོགས་ཀྱི་དམག་མི་ཚོར་སྒྲུབ་ཏུ་འཇུག་གི་འདུག བྷུ་རི་ཡའི་དམག་མིར་སྲོག་སྐྱོན་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་པར་ས་གནས་མི་དམངས་རྣམས་ཁོང་ཁྲོས་བརྟས་ཏེ་ངོ་རྒོལ་བྱེད་ཀྱི་འདུག ཨུ་རུ་སུའི་གྲོས་ཚོགས་འོག་མའི་བྷུ་རི་ཡའི་འཐུས་མི་མཱར་ཁ་ཡེབ་ནི་སྲིད་འཛིན་ཕུ་ཊིན་གྱིས་གསང་བའི་ཐོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་དམག་བརྒྱབ་པར་སྐྱོན་བརྗོད་དང་དམག་འཁྲུག་ལ་ཁ་རྡུང་གཏོང་ཕོད་མཁན་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གྲས་ཤིག་རེད། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བྷུ་རི་ཡའི་མི་མང་གིས་ཀྱང་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་འདུག་ཅེས་བཤད།།

ལུ་ཌི་བྷ་ཡེ་ཀ་ལ་རང་དབང་གསར་ཁང་གི་གསར་འགོད་པ་ཀ་རི་ན་པ་རོ་ཎི་ན་ཞེས་པ་ཞིག་གིས་ངའི་སེམས་པར་དམག་མི་བསད་པའི་ཕུང་པོ་སྐྱེལ་ཡོང་རྒྱུ་ཇེ་མང་དུ་སོང་ན་བྷུ་རི་ཡའི་མི་དམངས་རྣམས་ཁོང་ཁྲོ་ཆེ་རུ་སོང་། ཐ་ན་བྷུ་རི་ཡའི་མི་རིགས་ཀྱི་ལ་རྒྱ་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱས་པ་ཡིན། ད་སྔ་ངས་ཚོད་དཔག་བྱས་པ་རྣམས་བྱུང་མ་སོང་། ཨུ་རུ་སུའི་གཞུང་གཉེར་བརྙན་འཕྲིན་ལས་ཁང་ཁག་གིས་རྟག་ཏུ་ཡུཀ་རེན་གྱི་དམག་འཁྲུག་ལ་རྒྱབ་སྐྱོར་དང་ཨུ་རུ་སུས་དམག་འཁྲུག་མ་བརྒྱབ་ཐབས་མེད་ཡིན་པའི་དྲིལ་བསྒྲགས་འབའ་ཞིག་བྱེད་ཀྱི་ཡོད་པས་བྷུ་རུ་ཡ་རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་ཀྱི་འདུག དམག་འཁྲུག་ལ་མོས་མཐུན་མེད་མཁན་ཚོ་གསར་འགྱུར་རྫུན་མ་སྤེལ་མི་ཆོག་ཟེར་བའི་བཅའ་ཁྲིམས་ལ་སྐྲག་ནས་ཡོངས་གྲགས་སུ་ངོ་རྒོལ་བྱེད་མི་ཕོད། མི་འགའ་ཞིག་གིས་རང་གི་ལྟ་བ་དེ་ཁོག་ཏུ་སྦས་ནས་ཕྱི་ལ་སྟོན་གྱི་མི་འདུག་ཅེས་ཚིག་འགའ་བསྣན།།
ཨ་རི་ན་ཨོ་ཆི་རོ་ཝ་ཞེས་པའི་ཨ་མ་ཞིག་གིས་དྲྭ་ལམ་དུ་རང་གི་བུ་ཡུག་རེན་གྱིས་འཛིན་བཟུང་བྱས་ཡོད་པ་མིག་གིས་མཐོང་སྟེ་དམག་འཁྲུག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཨ་མ་དེས་གསར་འགོད་པར་ངའི་བུ་རང་ཡུལ་དུ་ལེན་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད། ངའི་བུ་དེ་འཆི་གསོན་ཅི་ཡིན་བསམ་བློ་བཏང་ན་མཚན་མོར་གཉིད་ཁུག་ཐུབ་ཀྱི་མི་འདུག ང་གང་ས་གང་ལ་བདེ་སྡུག་ཞུ་རུ་བསྐྱོད་ཀྱང་སུ་གཅིག་གིས་བདག་པོ་རྒྱག་གི་མི་འདུག ང་མུ་མཐུད་དུ་ཇི་ལྟར་འཚོ་གནས་བྱེད་དགོས་པ་རེད་ཅེས་སེམས་ཀྱི་དཀའ་ངལ་རྣམས་ཕྱི་ལ་བསྟན། བྷུ་རི་ཡའི་ན་གཞོན་མང་ཆེ་བས་གནས་ཚུལ་ངོ་མ་ཅི་ཡིན་ཤེས་རྟོགས་ཐུབ་པ་དང་བྷུ་རི་ཡའི་སྒྱུ་རྩལ་བ་ཞིག་གིས་ང་ཚོས་རང་དོན་མ་ཡིན་པའི་དམག་འཁྲུག་ཅིག་བརྒྱབ་ནས་ཚེ་སྲོག་བློས་གཏོང་དགོས་ཐུག་ཡོད་པའི་ཚོར་བ་ཞིག་ཡོང་གི་འདུག་ཅེས་བཤད། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་ཨུ་རུ་སུའི་དམག་མིའི་བཞི་ཆའི་གཅིག་ལྷག་བྷུ་རི་ཡ་དང་ཐུ་བ། ཌ་གྷེ་སི་ཐན་གྱི་གྲངས་ཉུང་མི་རིགས་ཁག་གི་དམག་མི་རྣམས་ཡིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG