ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༩/༢༣

ཐེ་ཝན་གྱི་ཟུར་འཇོག་དམག་དཔུང་དང་དམངས་དམག་གི་སྦྱོང་བརྡར།


In this photo released by the Taiwan Ministry of National Defense, Taiwan's President Tsai Ing-wen is briefed during a visit to a naval station on Penghu, an archipelago of several dozen islands off Taiwan's western coast, Aug. 30, 2022.

༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་མཚོ་གླིང་དེའི་ཟུར་འཇོག་དམག་དཔུང་དང་དམངས་དམག་རྣམས་དྲག་པོའི་སྦྱོང་བརྡར་ལ་ཞུགས།

༄༅།། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་མཚོ་གླིང་དེའི་ཟུར་འཇོག་དམག་དཔུང་དང་དམངས་དམག་རྣམས་དྲག་པོའི་སྦྱོང་བརྡར་ལ་ཞུགས། ཕྱི་ཟླ་༩་པའི་ཚེས་༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་བཙན་འཛུལ་བྱུང་བའི་སྐབས་སུ་ཡུཀ་རེན་གྱི་གཞུང་གིས་མང་ཚོགས་ལ་དམག་སྐུལ་བྱས་ནས་འགོག་རྒོལ་བྱུང་། ད་ལྟ་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་རང་གི་ཟུར་འཇོག་དམག་དཔུང་དང་དམངས་དམག་ལ་སྦྱོང་བརྡར་སྤྲོད་རྒྱུ་གནད་འགག་ཆེན་པོ་ཡིན་པ་ངོས་ཟིན། ཁེ་རི་སི་ཁྲེན་ཞེས་པ་ནི་ཐེ་ཝན་གྱི་དམག་མིའི་རུ་དཔོན་ཟུར་པ་ཞིག་ཡིན་པ་དང་ལོ་འདིའི་ཕྱི་ཟླ་༦་པར་དུས་ཡུན་བདུན་ཕྲག་གཅིག་གི་དམག་སྦྱོང་བྱས་འདུག ཁོང་གིས་ཐེ་ཝན་གྱི་ཟུར་འཇོག་དམག་མི་༢༠༠་རེར་དགེ་རྒན་རེ་ཡོད་པ་དང་དུས་ཡུན་ཕལ་ཆེ་བར་དགེ་རྒན་གྱི་སློབ་ཁྲིད་ལ་མཉན་ནས་དངོས་སུ་དམག་སྦྱོང་བྱ་རྒྱུ་དེ་ཙམ་མི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཐེ་ཝན་གྱི་ཟུར་འཇོག་དམག་དཔུང་ནི་མཚོ་གླིང་དེར་དམག་མི་༡༨༨༠༠༠་ཡོད་པ་དེའི་རྒྱབ་གནོན་པ་ཡིན་ཞིང་། ཐེ་ཝན་གྱི་དམག་མི་བརྒྱ་ཆ་༩༠་ཐམ་པ་དང་བླངས་ཐོག་ཏུ་དམག་ཁོངས་སུ་ཞུགས་པ་དང་དམག་མི་བརྒྱ་ཆ་༡༠་ཐམ་པ་དུས་ཡུན་ཟླ་བ་བཞིར་དམག་ཁྲལ་རྒྱུག་དགོས་པ་རྣམས་ཡིན་འདུག ཡིག་ཐོག་ཏུ་ཐེ་ཝན་ལ་རྒྱ་ནག་གི་དམག་དཔུང་ས་ཡ་༢་ལྷག་ལ་ཁ་གཏད་གཅོག་པར་ཟུར་འཇོག་དམག་མི་ས་ཡ་༢་དང་འབུམ་༣་ཡོད་ཅེས་འཁོད། ད་ལྟའི་ཆར་རྒྱ་ནག་གིས་འཕྲལ་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་མེད་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་མཚོ་གླིང་དེར་མཚམས་འདྲིར་ཕེབས་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་པ་དང་ཞིས་ཅིན་ཕིང་གིས་ངར་སྐད་བསྒྲགས་པ་དེའི་རྒྱབ་ཏུ་དམག་གི་སྟོབས་ཤུགས་ཡོད་པར་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

དམག་དོན་ཉམས་ཞིབ་པ་ཚོས་ཟུར་འཇོག་དམག་དཔུང་དང་དམངས་དམག་གིས་གཡུལ་འཁྲུག་དུས་སུ་ནུས་པ་ཆེན་པོ་འདོན་ཐུབ་པ་དང་བཙན་འཛུལ་བྱེད་མཁན་ལ་ཉེན་ཁ་ཆེན་པོ་འབྱུང་སྲིད། ཡུཀ་རེན་ལ་བཙན་འཛུལ་མ་བྱུང་སྔོན་ནས་ཐེ་ཝན་གཞུང་གིས་ཟུར་འཇོག་དམག་དཔུང་དང་དམངས་དམག་གཉིས་ཡར་རྒྱས་གཏོང་རྒྱུ་འགོ་ཚུགས་ཀྱང་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་པའི་ངེས་པ་མེད་ཅེས་བསྟན། ཁེ་རི་སི་ཁྲེན་ལྟ་བུའི་དམག་མི་ཟུར་པ་ཚོས་དུས་ཡུན་ཉི་མ་བདུན་གྱི་དམག་སྦྱོང་ནི་དུས་ཚོད་འཕྲོ་བརླག་རེད། ང་ཚོར་སྦྱོང་བརྡར་དང་གྲ་སྒྲིག་གི་དུས་ཚོད་འདང་ངེས་ཤིག་མི་འདུག་ཟེར། ཐེ་ཝན་གྲོས་ཚོགས་ཀྱི་དམག་དོན་ཚོགས་ཆུང་གི་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཝང་ཐིང་ཡུས་བཤད་པ་ལྟར་ན། རྒྱ་ནག་གི་བཙན་འཛུལ་བྱུང་ན་ང་ཚོར་མྱུར་དུ་དམག་སར་བཏང་ནས་དམག་གི་མཉམ་དུ་འཐབ་འཁྲུག་རྒྱག་ཐུབ་པའི་ཟུར་འཇོག་དམག་མི་༣༠༠༠༠༠་ལས་མི་འདུག ཡུཀ་རེན་ལ་བཙན་འཛུལ་བྱུང་སྟེ་ཐོག་མའི་ཉི་མ་གསུམ་གྱི་རིང་འགོག་རྒོལ་དྲག་པོ་བྱས་ཐུབ་མེད་ཚེ། ཡུཀ་རེན་ལ་དམག་གི་སྟོབས་ཤུགས་ཅི་ཙམ་ཡོད་ཀྱང་ཨུ་རུ་སུར་འཐབ་རྒོལ་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། སྡུག་ཁྱོག་གི་སྤྱི་ཚོགས་ཤིག་གིས་དཀའ་ངལ་དེར་གདོང་ལེན་བྱེད་ཐུབ། ང་ཚོ་རྐྱེན་ངན་གོད་ཆག་དང་དམག་འཁྲུག་གི་མདུན་དུ་ཞུམ་མི་འཚལ་ཞེས་ནན་གྱིས་བསྐུལ། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཐེ་ཝན་གྱི་ཟུར་འཇོག་དམག་དཔུང་ལ་ལེགས་བཅོས་བཏང་སྟེ་ཀུན་ཁྱབ་རྒྱལ་སྲུང་དམག་སྐུལ་ལས་ཁུངས་ཞེས་པ་ཞིག་གི་འཛིན་སྐྱོང་འོག་ཏུ་བཅུག ཐེ་ཝན་ལ་ཛ་དྲག་བྱུང་བའི་དུས་སུ་ལས་ཁུངས་དེས་དམངས་དམག་གི་རྒྱལ་སྲུང་སྒྲིག་འཛུགས་ཁག་ལ་སྟངས་འཛིན་བྱ་རྒྱུའི་ཐག་བཅད།།

ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཝང་ཐིང་ཡུས་མུ་མཐུད་དུ་བཤད་པ་ལྟར་ན། མཚོ་གླིང་དེའི་ཟུར་འཇོག་དམག་དཔུང་ལ་བདུན་ཕྲག་གཅིག་གི་ཚབ་ཏུ་དུས་ཡུན་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་སྤྲོད་དགོས། ཐེ་ཝན་ལ་ཟུར་འཇོག་དམག་དཔུང་འབུམ་༣་ཡོད་པ་རྣམས་རྟག་ཏུ་འཐབ་འཁྲུག་རྒྱག་ཐུབ་པའི་གྲ་སྒྲིག་ཡོད་པ་ཞིག་བྱ་གལ་ཆེ། ཟུར་འཇོག་དམག་མི་འཕྲོ་མ་ཚོས་ཟམ་པ་དང་གློག་ཁང་སོགས་ལ་སྲུང་སྐྱོབ་ཀྱི་འགན་འཁྲི་ལེན་ཐུབ་པ་ཞིག་འཁྱོངས་དགོས། ཐེ་ཝན་གྱི་དམངས་དམག་ལའང་ལེགས་བཅོས་གཏོང་རྒྱུའི་གྲོས་སྡུར་བྱེད་བཞིན་ཡོད། འོན་ཀྱང་ལེགས་བཅོས་ཇི་ལྟར་གཏོང་རྒྱུ་ཡིན་མིན་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཕྱི་ལ་སྒྲོགས་ཀྱི་མེད། ད་དུང་ཡུལ་དུས་ལ་འཚམས་པ་ཞིག་ཡོང་ཐུབ་ཀྱི་མི་འདུག་ཅེས་བཤད། ཐེ་ཝན་གྱི་བཟོ་ཚོང་ལས་ཁུངས་ཆེ་ཁག་གིས་གླས་ཡོད་པའི་བདེ་འཇགས་མི་སྣ་རྣམས་བཀོལ་སྤྱོད་བྱ་རྒྱུ་དང་མཚོ་གླིང་དེའི་བུད་མེད་རྣམས་དམག་ཁྲལ་རྒྱུག་མི་དགོས་པ་དེར་འགྱུར་བཅོས་གཏོང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་འདུག ཌེ་ནི་སི་ཧྲི་ཞེས་པ་ནི་ལོ་འདིའི་ཕྱི་ཟླ་༥་པའི་ནང་བདུན་ཕྲག་གཉིས་ཀྱི་དམག་སྦྱོང་ལ་ཞུགས་ཏེ་གསར་འགོད་པར་བརྗོད་དོན་ལྟར་ན། ཁོ་ཚོས་ཐེ་ཝན་གྱི་བྱང་ཕྱོགས་ས་གནས་ཤིག་ཏུ་དམག་སྦྱོང་བྱས་པ་དང་དུས་ཡུན་ཕྱེད་ཀའི་རིང་ཆར་པ་བབས། དུས་ཡུན་ཕྱེད་ཀའི་རིང་ཚ་གདུག་འཕྱུར། དམག་སྦྱོང་གི་དུས་སྐབས་དེ་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་སྒང་ཡིན་པས་ཆར་གོས་དང་ཁ་རས་གྱོན་ནས་ས་དོང་བྲུས། མེ་སྒྱོགས་འཕེན་སྟངས་སྦྱང་དགོས་པ་དང་བརྒྱུགས་དགོས་པ་སོགས་བྱུང་སོང་། ལུས་པོ་ཧྲིལ་པོར་འདམ་བག་འགོས་པ་དང་ལྷམ་གྱི་ནང་དུའང་འདམ་བག་ལུག་བྱུང་། ཡིན་ནའང་ང་ལོ་གསུམ་གྱི་སྔོན་དུ་ཟླ་བ་བཞིར་དམག་ཁྲལ་བརྒྱུགས་པ་དེའི་སྐབས་ལས་ཀྱང་ཐེངས་འདིར་མེ་སྒྱོགས་འཕེན་སྟངས་སོགས་ཀྱི་སྦྱོང་བརྡར་མང་བ་ཐོབ་སོང་། དམག་གི་མཐོ་རིམ་འགོ་ཁྲིད་ཚོས་མཉམ་དུ་དམག་སྦྱོང་བྱེད་ཀྱི་ཡོད་པས་སེམས་ཤུགས་འཕར་གྱི་འདུག ལས་དོན་གཙོ་བོ་ནི་རང་གི་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་དུས་སུ་བབས་ན་ངེས་པར་དུ་སྲི་ཞུ་བསྒྲུབ་དགོས་ཞེས་བཀྲལ།།

མཉམ་འབྲེལ་གསར་ཁང་གིས་ཐེ་ཝན་གྱི་རྒྱལ་སྲུང་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཀྭན་ཁྲེན་ལི་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༧༣་གྱིས་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཐེ་ཝན་སྲུང་སྐྱོབ་ཀྱི་དམག་འཁྲུག་ལ་ཞུགས་འདོད་ཡོད་ཅེས་ལན་འདེམས་བྱས་ཤིང་། ན་ནིང་ཕྱི་ཟླ་༩་པར་ཐེ་ཝན་པ་བརྒྱ་ཆ་༥༧་གྱིས་རྒྱ་ནག་གི་བཙན་འཛུལ་བྱུང་ན་ཨ་མི་རི་ཀས་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་རེ་ལྟོས་བཅངས། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཐེ་ཝན་པ་ཚོའི་གྲོས་སུ་ཨ་མི་རི་ཀར་ཡིད་རྟོན་བྱེད་མཁན་ཇེ་ཉུང་དུ་སོང་ཡོད་པའི་གནས་ཚུལ་ཐོན། ད་ལོའི་ཕྱི་ཟླ་༣་ནང་ཨ་མི་རི་ཀས་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་ཡིད་རྟོན་བྱེད་མཁན་ཐེ་ཝན་པ་བརྒྱ་ཆ་༤༠་ལས་མེད་ཅིང་། རོ་བྷར་ཊི་ཚའོ་ལྟ་བུའི་ཐེ་ཝན་གྱི་འབྱོར་ལྡན་པ་ཚོས་ཐེ་སྒོར་དུང་ཕྱུར་༡༠་འགྲོ་གྲོན་བཏང་ནས་མི་མང་དཀྱུས་མ་ས་ཡ་༣་ལ་དམག་སྦྱོང་སྤྲོད་རྒྱུའི་ཁས་བླངས། ཐེ་ཝན་པ་སྒེར་པ་མང་དག་ཅིག་སྨན་བཅོས་དང་མེ་མདའ་འཕེན་སྟངས་ཀྱི་སྦྱོང་བརྡར་ལ་ཞུགས་རྒྱུའི་མིང་ཐོ་བཀོད། ཐེ་ཝན་གྱི་ཉེན་རྟོག་པ་ཟུར་པ་དང་དམག་མི་ཟུར་པ་ཚོས་བཙུགས་པའི་དམག་དོན་ཆབ་སྲིད་ཞིབ་འཇུག་ཁང་གི་མགྲིན་ཚབ་པ་མར་ཊིན་དབྱང་གིས་གསར་འགོད་པར་བཤད་པ་ལྟར་ན། མི་མང་སྒེར་པ་ཚོས་རང་གིས་རྒྱུ་དངོས་དང་ནུས་པ་རྣམས་མཉམ་དུ་སྤུངས་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱ་འདོད་འདུག དེར་བརྟེན་ཐེ་ཝན་གཞུང་གིས་དེ་ལ་མཉམ་འབྲེལ་དང་ལམ་སྟོན་བྱེད་ཐུབ་ན་ནུས་སྟོབས་དེ་རྣམས་ཆུད་ཟོས་སུ་འགྲོ་རྒྱུ་མ་རེད། དམག་སྦྱོང་གི་དུས་སུ་མི་དམངས་འབུམ་ཕྲག་མང་པོ་ས་འོག་མེ་འཁོར་འབབ་ཚིགས་སུ་སྐུང་། ཁོ་ཚོར་བཟའ་བཏུང་དང་སྨན་སོགས་མཁོ་སྤྲོད་བྱ་དགོས་པ་སོགས་ལ་སྦྱོང་བརྡར་སྤྲོད་ཐུབ། ཡིན་ནའང་བཟའ་བཏུང་དང་སྨན་སོགས་གང་ནས་མཁོ་སྒྲུབ་བྱ་དགོས་སམ་ཞེས་གཞུང་གིས་མཉམ་འབྲེལ་བྱེད་དགོས་པའི་གོ་རྒྱུ་བཏང་འདུག

ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱིས་ཨ་རིའི་འཇོར་ཇཱི་མེ་སན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་མེཀ་ཌན་ནིལ་དང་ཀྲུང་ཝེ་ཧྥེང་གཉིས་ཀྱིས་ཞིབ་འཇུག་བྱས་པའི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་པའི་དུས་སུ་གཏོང་རྒོལ་བྱ་ཡུལ་དམིགས་འབེན་༣༥༠༠༠་ལྷག་བདམས་གསེས་བྱས་འདུག་ཅེས་སྙན་ཐོ་བཏོན། འཇོར་ཇཱི་མེ་སན་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་གྱི་དམག་སྒར་༡༨༣་དང་སྐྱེལ་འདྲེན་ལ་འབྲེལ་བ་ཡོད་པའི་ལྟེ་གནས་༣༤༠་ལྷག ཐེ་ཝན་གྱི་གནས་འཕྲིན་དང་འཕྲིན་གཏོང་འཕྲུལ་རིག་ལྟེ་གནས་༥༥༠་ཐམ་པ། ཐེ་ཝན་གྱི་གཞུང་འབྲེལ་ལས་ཁུངས་༢༣༩༧་ལ་གཏོར་རྒོལ་བྱ་རྒྱུའི་རྟགས་མཚན་མངོན། རྒྱ་ནག་གིས་དམིགས་འབེན་དུ་བཟུང་ཡོད་པའི་ཐེ་ཝན་གྱི་ལྟེ་གནས་དེ་རྣམས་མི་འབོར་ཉུང་ས་དང་མི་ཚོགས་ཆེ་ས་བཅས་རྒྱལ་ཡོངས་སུ་བཀྲམ་འདུག མ་མཐར་ཡང་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་སྡེ་ཚན་ཞིག་གིས་ཐེ་ཝན་གྱི་ལྟེ་གནས་དེ་ཚོར་ཞིབ་འཇུག་བྱས་ནས་གཞི་གྲངས་བསྒྲིགས་ཏེ་ས་གནས་དེ་དག་གི་ཆགས་ཡུལ་རྣམས་ངོས་འཛིན། ཐེ་ཝན་གྱི་ལྟེ་གནས་དེ་ཚོར་གཏོར་རྒོལ་བྱུང་ན་དཔལ་འབྱོར་དང་དམག་དོན་ལ་གཏོར་བཤིག་ཅི་ཙམ་འཕོག་རྒྱུ་ཡིན་མིན་སོགས་ལ་ཞིབ་འཇུག་བྱེད་ཀྱི་འདུག ཐེ་ཝན་གྱི་གཞུང་འབྲེལ་ལས་ཁུངས་༢༣༩༧་དམིགས་འབེན་དུ་བཟུང་ཡོད་པ་དེ་དག་གི་གྲས་སུ་དབུས་གཞུང་དང་གྲོང་ཁྱེར། གྲོང་རྡལ་དང་ས་གནས་རིམ་པའི་སྲིད་གཞུང་རྣམས་འདུས། ཐེ་ཝན་ནས་མཚོ་འོག་ཏུ་འཛམ་གླིང་ཡོངས་ལ་འབྲེལ་བ་བྱེད་པའི་འཕྲིན་གཏོང་གློག་སྐུད་༡༥་འཐེན་ཡོད་པ་རྣམས་རྒྱ་ནག་གིས་བཅད་ནས་ཕྱི་ལ་འབྲེལ་བ་གཅོད་རྒྱུའི་ཉེན་ཁ་འདུག ཐེ་པེ་གསར་པའི་ཉེ་འཁོར་དུ་ཆགས་པའི་རྒྱལ་ས་ཐེ་པེ་དང་དེའི་བྱང་ཕྱོགས་ཀྱི་ཏུག་ཁྲེང་། ཐེ་པེ་གསར་པའི་ལྷོ་ཕྱོགས་ཀྱི་ཧྥང་ཧྲན་གྲོང་རྡལ་བཅས་ཀྱི་མཚོ་ཁ་དེ་ཚོར་རྒྱ་ནག་གི་མཚོ་འོག་དམག་གྲུས་དཔུང་འཇུག་བྱས་ནས་དམག་དཔུང་འབབ་སྲིད་ཅེས་བསྟན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG