ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

མར་ཁལ་གྱིས་ཨུ་རུ་སུར་འབྲེལ་བ་བཟུང་བར་འགྱེད་པ་མེད་ཟེར།


༄༅།། འཇར་མན་ཎིའི་སྲིད་བློན་ཟུར་པ་ཨན་གྷི་ལ་མར་ཁལ་གྱིས་ལོ་༡༦་ལ་སྲིད་དབང་བཟུང་བའི་རིང་དེར་ཨུ་རུ་སུར་འབྲེལ་བ་དམ་ཟབ་དང་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་དེར་བཀག་འགོག་གི་སྲིད་ཇུས་བཟུང་བར་འགྱོད་པ་མེད། ངའི་ཕྱི་སྲིད་ལ་ནོར་འཁྲུལ་བྱུང་སྟེ་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱི་འཐབ་འཁྲུག་ལངས་པ་རེད་ཅེས་བཟོད་གསོལ་ཞུ་རྒྱུ་མིན། ཨུ་རུ་སུར་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་ན་ངོ་རྒོལ་དྲག་པོ་འབྱུང་རྒྱུ་ཆོས་ཉིད་རེད། ད་དུང་ཡང་གྲང་དམག་མཇུག་སྒྲིལ་མེད་པ་གསལ་པོ་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག ཕྱི་ཟླ་༦་པའི་ཚེས་༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཇར་མན་གསར་འགྱུར་ལས་ཁང་གིས་བཅར་འདྲི་དེ་ནི་ཨན་གྷི་ལ་མར་ཁལ་འཇར་མན་ཎིའི་སྲིད་བློན་གྱི་ལས་གནས་ནས་འཕོ་འགྱུར་ཕྱིན་པའི་རྗེས་སུ་གསར་འགོད་པར་གླེང་མོལ་ལྷུག་པོ་དང་ཞིབ་ཕྲ་གནང་བ་ཐེངས་དང་པོ་ཡིན་ཞིང་། ༢༠༠༨་ལོར་འཇར་མན་ཎི་དང་ཧྥ རན་སིའི་འགོ་ཁྲིད་ཚོས་ཡུཀ་རེན་དང་འཇོར་ཇཱི་ཡ་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་དེར་དགག་པ་བརྒྱབ། ༢༠༡༥་ལོར་འཇར་ཧྥ ཟུང་གིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ལ་བར་འདུམ་བྱས་ནས་ཞི་བའི་གྲོས་མཐུན་ཞིག་འཇོག་ཏུ་བཅུག་ཅིང་། ད་ལོ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་༢༠༡༥་ལོའི་ཞི་བའི་གྲོས་མཐུན་དེར་བརྩིས་མེད་བཏང་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་བརྒྱབ། སྲིད་བློན་ཟུར་པ་མར་ཁལ་གྱིས་རྒྱལ་ས་བྷར་ལིན་གྱི་ཚོགས་ཁང་ཆེན་མོར་མི་ཚོགས་ཀྱིས་གཏམས་ཡོད་ས་དེར་ངས་ང་ལ་ནོར་འཁྲུལ་བྱུང་སོང་ཞེས་ལེ་བདའ་བྱེད་ཀྱི་མེད། ངས་འཁྲུག་རྩོད་འགོག་ཐབས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་པ་ཡིན། གལ་སྲིད་ཕྱི་འབྲེལ་ཐབས་ཇུས་ལ་གྲུབ་འབྲས་མ་ཐོན་ན་ཐབས་ཇུས་དེ་ནོར་འཁྲུལ་ཡིན་པའི་ཁྱབ་པ་མེད། ད་ལྟ་ངས་སྔོན་མའི་སྲིད་ཇུས་དེ་འཕྱུགས་འདུག་ཀྱང་ཟེར་གྱི་མེད། ངས་ཡུཀ་རེན་ལ་བཟུང་བའི་སྲིད་ཇུས་དེར་བཟོད་གསོལ་ཞུ་རྒྱུ་མིན་ཞེས་ནོར་འཁྲུལ་ཁས་མ་བླངས།།

ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་འཇར་མན་ཎིའི་སྲིད་བློན་ཟུར་པས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་བཏང་སྟེ་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་བསླངས་པ་ནི་ནམ་ཡང་འོས་མཐུན་ཞིག་ཏུ་འགྱུར་ཐབས་མེད། ཡུཀ་རེན་ལ་བཙན་འཛུལ་བྱུང་བ་དེ་ཆག་སྒོ་ཆེན་པོ་ཞིག་དང་ཚབས་ཆེའི་ནོར་འཁྲུལ་ཞིག་རེད། ངས་ཀྱང་འདི་ལ་ཅི་ཞིག་བྱ་དགོས་པ་མ་ཤེས་པར་བསྡད་ཡོད། དེང་སྐབས་འཇར་མན་གཞུང་དམངས་གཉིས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཨུ་རུ་སུའི་ཀླ་ཀློའི་བཙན་འཛུལ་ལ་འགོག་རྒོལ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ངས་རང་གི་ལས་དུས་རིང་དམག་འཁྲུག་འགོག་ཐུབ་པ་དང་བདེ་འཇགས་སྲུང་སྐྱོབ་ཀྱི་སྒྲོམ་གཞི་ཞིག་འཛུགས་ཐུབ་མི་འདུག ཕུ་ཊིན་ལ་གདུག་རྩུབ་ཀྱི་བརྡ་སྐད་འབའ་ཞིག་གིས་གོ་བརྡ་འཕྲོད་ཀྱི་རེད། ཁོ་པར་དྲག་རྩུབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ཁོ་ན་འཛིན་དགོས། ངས་སྔ་མོ་ནས་ཕུ་ཊིན་ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ལ་དགའ་མོས་མེད་པ་ཤེས་ཡོད། ངས་རང་གི་ལས་རོགས་ཚོར་ཕུན་ཊིན་གྱིས་ཐུབ་པ་དང་གོ་སྐབས་བྱུང་ན་ཡུ་རོབ་མཉམ་འབྲེལ་ཁ་འཐོར་དགུ་འཐོར་དུ་གཏོང་གི་རེད་ཅེས་ཉེན་བརྡ་ཐེངས་འགའ་ཞིག་བཏང་ལུགས་བཤད། ཡིན་ནའང་ཁོ་མོས་སྲིད་དབང་བཟུང་བའི་རིང་ཨུ་རུ་སུར་འབྲེལ་བ་དམ་ཟབ་དང་མཐུན་པོ། ཕུ་ཊིན་ལ་བསྟུན་མཁས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་བཟུང་དོན་ཅི་ཡིན་གསལ་བཀྲོལ་མ་བྱུང་།།

༢༠༠༨་ལོར་རོ་མེ་ཎི་ཡའི་རྒྱལ་ས་བྷུ་ཁ་རེ་སི་ཐེ་གྲོང་ཁྱེར་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་ཀྱི་ཚོགས་འདུ་ཚོགས། སྐབས་དེར་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁལ་གྱིས་ཡུཀ་རེན་དང་འཇོར་ཇཱི་ཡ་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་དེར་བཀག་འགོག་བྱས་པར་རྒྱུ་མཚན་གཉིས་བགྲངས། ཁོ་མོས་དང་པོ་དེར་ཡུཀ་རེན་དམངས་གཙོའི་ལམ་ལུགས་སྲ་བརྟན་ཚུགས་ཡོད་པའི་རྒྱལ་ཁབ་ཅིག་མིན་པ་དང་ཕྱུག་བདག་ཚོས་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ལྐོག་ཟ་རུལ་སུངས་སུ་གྱུར་པའི་རྒྱལ་ཁབ་ཅིག་རེད། གཉིས་པ་དེར་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་བཅུག་ན་དམག་འཁྲུག་ལང་རྒྱུ་ཉག་ཅིག་རེད། ཕུ་ཊིན་གྱིས་ལས་སླར་པོར་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་མི་སྲིད། དེ་ནི་ཕུ་ཊིན་ལ་མཚོན་ན་ཨུ་རུ་སུར་དམག་འཁྲུག་རྒྱག་རྒྱུའི་གསལ་བསྒྲགས་སྤེལ་བ་དང་ཁྱད་པར་མེད་པས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་པའི་རྒྱུད་རིམ་སྐབས་དེར་ཨུ་རུ་སུས་དམག་བརྒྱབ་ནས་བཙན་འཛུལ་བྱས་ཡོད་ཤས་ཆེ། ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་པའི་རྒྱུད་རིམ་སྐབས་སུ་མཉམ་འབྲེལ་སྲུང་སྐྱོབ་ཀྱི་ཁེ་ཕན་ཐོབ་དཀའ། ངའི་དཔྱད་སྡོམ་ནི་ཧ་ཅང་གསལ་པོ་ཡིན། སྐབས་དེར་ཡུཀ་རེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུའི་མོས་མཐུན་བྱེད་ཡོད་ཚེ། ད་ལྟ་ང་ཚོས་གདོང་ལེན་བྱེད་བཞིན་པའི་དམག་འཁྲུག་འདི་སྔོན་ནས་ལངས་ཟིན་པ་རེད་ཅེས་བཀྲལ། ཁ་སྔོན་ཕྱི་ཟླ་༤་པར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་འཇར་མན་ཎིའི་སྲིད་བློན་ཟུར་པ་མར་ཁལ་དང་ཧྥ་རན་སིའི་སྲིད་འཛིན་ཟུར་པ་ཛར་ཀོ་སི་གཉིས་ཀྱི་སྲིད་འབྲེལ་སྲིད་ཇུས་ནི་ཨུ་རུ་སུར་གུ་བཤངས་དང་བསྟུན་མཁས། ཡུཀ་རེན་དང་འཇོར་ཇཱི་ཡ་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་མདུན་ལམ་བཀག ཨུ་རུ་སུར་རང་སྣང་གང་དྲན་བྱེད་དུ་བཅུག་སྟེ་བྷུ་ཆ་ས་གནས་སུ་སྐྱི་གཡའ་བའི་དམག་འཁྲུག་གི་ནག་ཉེས་བསགས་པའི་གནས་ཚུལ་འདི་བྱུང་བ་རེད་ཅེས་སྐྱོན་བཙུགས།།

འཇར་མན་གསར་འགྱུར་ལས་ཁང་གིས་སྲིད་བློན་ཟུར་པ་མར་ཁལ་ལ་ཕུ་ཊིན་གདུག་རྩུབ་ཅན་ཞིག་ཡིན་པ་ཤེས་བཞིན་དུ་ཨུ་རུ་སུར་ཚོང་འབྲེལ་བཙུགས། ཁོ་མོས་འཇར་མན་ཎིའི་རྡོ་སྣུམ་དང་སོལ་རླངས་ཀྱི་འབྱུང་ཁུངས་མཐའ་དག་ཨུ་རུ་སུར་བརྟེན་དགོས་པའི་སྲིད་ཇུས་ཤིག་ཅིའི་ཕྱིར་བཟུང་བ་ཡིན་ཞེས་དྲིས། ཁོ་མོས་དྲི་བ་དེར་ཐད་ཀར་ལན་མ་བཏབ་པར་ངས་ཨུ་རུ་སུར་འོས་འཚམས་ཀྱི་ཚོང་འབྲེལ་ཞིག་བཙུགས་པ་འགྲིག་ཡོད་ཅེས་རྩོད་པ་བརྒྱབ། ལོ་ན་༦༧་ལ་སོན་པའི་ཨན་གྷི་ལ་མར་ཁལ་གྱིས་འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀྱིས་བར་འདུམ་འོག་བྷེ་ལོ་རུ་སིའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་ཞི་བའི་གྲོས་མཐུན་ཞིག་བཞག་ཀྱང་ཡུཀ་རེན་གྱི་དམག་འཁྲུག་འགོག་མ་ཐུབ་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། མིན་སིཀ་གྲོང་ཁྱེར་དུ་བཞག་པའི་ཞི་བའི་གྲོས་མཐུན་དེ་ཨུ་རུ་སུས་རྒྱབ་སྐྱོར་བྱེད་བཞིན་པའི་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པ་ཚོས་ཟིང་འཁྲུག་སློང་གི་ཡོད་པ་འགོག་ཐབས་ཤིག་ཡིན། ཡུཀ་རེན་དང་ཨུ་རུ་སུ། འཇར་མན་ཎི་དང་ཧྥ རན་སི་བཅས་རྒྱལ་ཁབ་བཞིས་ཨུ་རུ་སུ་དང་ཡུཀ་རེན་གྱི་འཁྲུག་རྩོད་འགོག་ཐབས་སུ་འབད་བརྩོན་བྱས་པ་ཡིན། དེར་བརྟེན་ཡུཀ་རེན་ལ་ལོ་འགའ་ཞིག་གི་རིང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་དུས་ཚོད་དང་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་བའི་གོ་སྐབས་ཐོབ་པ་རེད་ཅེས་བཤད། ཁ་སང་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་བ་དེར་འཁོད་པ་ལྟར་ན། ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དགྲ་རུ་འཛིན་གྱི་ཡོད་པ་ཤེས་བཞིན་དུ་སྲིད་བློན་ཟུར་པ་མར་ཁལ་གྱིས་ཨུ་རུ་སུ་ནས་མཚོ་འོག་སོལ་རླངས་ལྕགས་སྦུག་གཉིས་པ་ཞིག་འཐེན། ཁོ་མོས་བྷར་ལི་དང་མོ་སི་ཀོའི་འབྲེལ་བ་ཡར་རྒྱས་བཏང་སྟེ་ཚོང་འབྲེལ་གཙིགས་སུ་བཟུང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་ལྟ་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་ཨན་གྷ་ལ་མར་ཁལ་གྱི་ལས་དུས་རིང་དེར་འཇར་མན་གཞུང་གིས་མཚོ་འོག་ནས་སོལ་རླངས་ལྕགས་སྦུག་གཉིས་པ་ཞིག་འཐེན་ཏེ་ཨུ་རུ་སུའི་སོལ་རླངས་ནང་འདྲེན་གྱི་ལས་གཞི་དེ་ཡིན་མོད། འོན་ཀྱང་འཇར་མན་ཎིའི་སྲིད་བློན་གསར་པ་ཨོ་ལཱབ་ཤོལ་ཛིས་མཚོ་འོག་གི་ལྕགས་སྦུག་གཉིས་པ་འཛུགས་སྐྲུན་བྱ་རྒྱུ་མཚམས་བཞག་སྟེ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་འཇར་མན་ཎིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་དམག་དོན་འགྲོ་གྲོན་སྤར་རྒྱུ་དང་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ། འཇར་མར་གཞུང་གིས་ཡུ་སྒོར་ཐེར་འབུམ་༡༠༠་ཐམ་པ་འགྲོ་གྲོན་བཏང་ནས་དམག་གི་སྟོབས་ཤུགས་སླར་གསོ་བྱ་རྒྱུ། དེ་བཞིན་འཇར་མན་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚད་གཞི་ལྟར་ལོ་རེར་རྒྱལ་ཁབ་ཀྱི་སྤྱི་ཡོངས་དཔལ་འབྱོར་རྩ་འབོར་གྱི་བརྒྱ་ཆ་གཉིས་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུའི་ཐག་བཅད། ན་ནིང་ལོ་མཇུག་དེར་ཨན་གྷི་ལ་མར་ཁལ་འཇར་མན་ཎིའི་སྲིད་བློན་གྱི་ལས་གནས་ནས་འཕོ་འགྱུར་སོང་། ཁོ་མོས་གསར་འགོད་པའི་བཅར་འདྲི་ཁག་ལ་དང་ལེན་མ་བྱས་པར་འགོ་ཁྲིད་ཟུར་པ་ཞིག་གིས་རང་གི་རྗེས་འཛིན་པའི་ལས་དོན་སྒྲུབ་ཕྱོགས་ལ་ཐེ་ཇུས་བྱེད་ན་འོས་འཚམས་མ་རེད་ཅེས་ཅི་ཡང་མ་བཤད། ཁོ་མོས་ལོ་༡༦་གི་རིང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་བཙུགས་ཏེ་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་བཏང་བར་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་ཕྱིན་པར་མ་ཟད། ལྷག་པར་དུ་༢༠༠༨་ལོར་འཇར་མན་གཞུང་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་བཀག་མེད་ན་ཨུ་རུ་སུའི་བཙན་འཛུལ་བྱུང་མེད་ཅེས་ལན་ཁག་དཀྲིས། དེས་ན་སྲིད་བློན་ཟུར་པ་མར་ཁལ་གྱིས་འཇར་མན་གསར་འགྱུར་ཁང་གི་བཅར་འདྲིར་དང་ལེན་བྱས་ནས་རང་གི་ལངས་ཕྱོགས་དང་སྐབས་དེའི་སྲིད་ཇུས་རྣམས་གསལ་བཤད་མ་བྱས་ཐབས་མེད་དུ་གྱུར་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG