ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུས་སླར་ཡང་ཡུཀ་རེན་གྱི་ཤར་ཕྱོགས་སུ་དྲག་རྒོལ།


༄༅།། ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་བཟུང་ནས་འཐབ་འཁྲུག་རྒྱག་གི་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཨུ་རུ་སུའི་དམག་གིས་སླར་ཡང་ཡུཀ་རེན་གྱི་བཟོ་ལས་ས་ཁུལ་དེར་དྲག་རྒོལ་བྱས་ནས་ལུ་ཧན་ཛིཀ་མངའ་ཁུལ་གྱི་ས་ཆ་རྣམས་བཙན་འཕྲོག་བྱ་རྒྱུའི་ཤུགས་སྣོན་བརྒྱབ། ཕྱི་ཟླ་༦་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ལྷོ་ཕྱོགས་སུའང་ཨུ་རུ་སུས་དཔུང་འཇུག་བྱས་ནས་འབྲུ་མཛོད་ཁག་ལ་གཏོར་རྒོལ་དང་འཛམ་གླིང་ཡོངས་ལ་ཟ་འབྲུ་ཆད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན། ཨུ་རུ་སུས་མི་འབོར་༡༠༦༠༠༠་ཡས་མས་ཤིག་ཡོད་པའི་ཡུཀ་རེན་གྱི་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་ལ་གཏོར་རྒོལ་བྱས་ནས་བདུན་ཕྲག་འགའ་ཞིག་སོང་། ལུ་ཧན་ཛིཀ་མངའ་ཁུལ་གྱི་སྤྱི་ཁྱབ་སཱེར་ཧི་གྷེ་དྷས་གྲོང་ཁྱེར་དེའི་མི་དམངས་རྣམས་ཨུ་རུ་སུར་མགོ་སྒུར་འདོད་མེད། ཡུཀ་རེན་གྱི་དམག་གིས་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་སུ་གཅིག་གིས་ཀྱང་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་བློས་གཏོང་རྒྱུའི་བསམ་བློ་གཏོང་གི་མེད། ང་ཚོའི་དམག་དཔུང་རྣམས་བཙན་ས་ཁག་ནས་ཕྱིར་འཐེན་ཡང་བྱས་མེད། ཡིན་ནའང་ཡུཀ་རེན་གྱི་དམག་དཔུང་རྣམས་བཙན་ས་ཁག་ཅིག་ནས་ཕྱིར་འཐེན་བྱ་དགོས་ཐུག་སྲིད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་སི་ཝེ་རོ་ཌོ་ནེ་ཛིཀ་དང་ལི་ཤན་ཛིཀ་གྲོང་ཁྱེར་གཉིས་ལ་རྒྱང་ནས་མེ་སྒྱོགས་བརྒྱབ་སྟེ་གཏོར་རྒོལ་བྱས་པ་དང་ཡུཀ་རེན་ལ་རྒྱང་སྙོབ་མེ་སྒྱོགས་མེད་པར་ཨུ་རུ་སུར་རྒོལ་ལན་སློག་ཐབས་བྲལ། ༢༠༡༤་ནས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ཅེས་འབོད་པའི་ཡུཀ་རེན་གྱི་ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་ཁག་ཅིག་ལ་ཨུ་རུ་སུས་ཟིང་འཁྲུག་བསླངས་ནས་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད། ད་ལོ་ཕུ་ཊིན་གྱིས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་གྱེན་ལོག་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པ་ཡིན་ཞེས་དམག་གི་གོང་དེར་གསལ་བསྒྲགས་སྤེལ།།

ཁ་སང་གཟའ་མིག་དམར་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཡུཀ་རེན་གྱི་ཛེ་ལན་སི་ཀིས་ང་ཚོའི་དམག་དཔུང་གིས་དཔའ་སྟོབས་ལྡན་པའི་སྒོ་ནས་ཌོན་བྷ་སི་མངའ་ཁུལ་གྱི་ས་ཆ་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡོད། ཡུཀ་རེན་གྱི་དམག་དཔུང་གིས་འགོག་རྒོལ་དྲག་པོ་འདི་འདྲ་ཞིག་བྱ་རྒྱུ་ཡིན་པ་བཙན་འཛུལ་བའི་བློ་ཡུལ་དུ་དྲན་མྱོང་མེད། ད་ལྟ་ཨུ་རུ་སུས་དམག་དཔུང་དང་མཚོན་ཆ། འཐབ་འཁྲུག་ལ་མཁོ་བའི་མཐུན་རྐྱེན་གསར་པ་རྣམས་ཌོན་བྷ་སི་མངའ་ཁུལ་དུ་སྐྱེལ་འདྲེན་བྱ་ཐབས་བྱེད་ཀྱི་འདུག་ཅེས་བརྙན་འཕྲིན་གསལ་བསྒྲགས་ཤིག་སྤེལ། ཨུ་རུ་སུས་སྔར་བཞིན་ཡུཀ་རེན་ལ་དམིགས་བསལ་གྱི་དམག་དོན་ཞིག་བསྒྲུབས་ནས་ཁྱིམ་མཚེས་རྒྱལ་ཁབ་དེར་དམག་གི་སྟོབས་ཤུགས་མེད་པར་གཏོང་གི་ཡོད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ཡུཀ་རེན་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་མི་གསོད་ཁྲག་སྦྱོར་དང་གྲོང་ཁྱེར་ཡོད་དོ་ཅོག་ཐལ་བའི་རྡུལ་དུ་བརླགས། མི་མང་ས་ཡ་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འབྲོ་དགོས་བྱུང་ཡང་ཨུ་རུ་སུས་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་མེད་ཟེར་བ་ནི་གཏམ་རྣ་བར་མི་འགྲོ་བ་ཞིག་མ་རེད་ཅེས་ལན་བཏབ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ་མྱུར་དུ་མཚམས་མ་ཆོད་ཚེ། ཡུཀ་རེན་གྱི་ཞིང་ལས་ཐོན་སྐྱེད་མེད་པར་འགྱུར་རྒྱུ་དང་འབྲུ་རིགས་ཕྱིར་ཚོང་བྱ་རྒྱུ་འགགས། ཨ་ཧྥི་རི་ཀ་དང་དཀྱིལ་ཤར་ས་ཁུལ་སོགས་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་ལ་འབྲུ་རིགས་ནང་འདྲེན་བྱ་ཡུལ་མེད་པར་མུ་གེ་ཆེན་པོ་ཞིག་འབྱུང་རྒྱུ་སྲིད་པས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུའི་ཉེན་ཁ་ཆེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་མཚོ་ནག་མངའ་ཁུལ་གྱི་སྐྱེལ་འདྲེན་བཀག་ནས་འཛམ་གླིང་ཡོངས་ལ་མུ་གེ་འབྱུང་དུ་འཇུག་གི་ཡོད་པ་རེད་ཅེས་ནག་ཉེས་བཙུགས། ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཉེས་ཆད་བཅད་ནས་འབྲུ་རིགས་ཆད་ཀྱི་ཡོད་པ་རེད་ཅེས་བཤད།།

ཡུཀ་རེན་གྱི་ཞིང་ལས་ཐོན་སྐྱེད་ཀྱི་འབྱུང་རྩ་སྟེ། མི་ཀོ་ལཱེབ་ས་གནས་ལ་ཨུ་རུ་སུས་གཏོར་རྒོལ་བྱས་ནས་འཛམ་གླིང་ཡོངས་ལ་འབྲུ་རིགས་ཇེ་ཉུང་དུ་འགྲོ་དགོས་པ་ཞིག་ཏུ་གྱུར། དེ་རིང་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་ལྷོ་ཕྱོགས་དམག་དཔུང་བཀོད་འདོམས་ཁང་གི་ངོ་དེབ་ནང་དུ་འཛམ་གླིང་ཡོངས་ལ་འབྲུ་རིགས་ཆད་སྲིད་པར་བློ་འཚབ་བྱེད་ཀྱི་ཡོད་ཅེས་ཚུལ་འཆོས་སྟོན་གྱི་ཡོད་པ་རྣམས་ཡུཀ་རེན་གྱི་ཞིང་ལས་ས་ཁུལ་དང་འབྲུ་མཛོད་ཁག སྐྱེལ་འདྲེན་གྱི་མཐུན་རྐྱེན་སོགས་ལ་གཏོར་རྒོལ་བྱེད་མཁན་རྣམས་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། མི་ཀོ་ལཱེབ་ས་གནས་ཚུད་པའི་ཡུཀ་རེན་ལྷོ་ཕྱོགས་ཀྱི་མངའ་ཁུལ་དེའི་སྤྱི་ཁྱབ་པས་བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཨུ་རུ་སུས་མེ་སྒྱོགས་བརྒྱབ་ནས་ཡུཀ་རེན་གྱི་ཞིང་ལས་ས་ཁུལ་གྱི་འབྲུ་མཛོད་ཆེ་ཁག་རྣམས་གཏོར་སོང་ཞེས་བསྒྲགས། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སེར་གྷེ་ཤོ་གུས་ཡུཀ་རེན་གྱི་མ་རི་ཨུ་པུལ་དང་བྷེར་ཌི་ཡན་སི་ཀི་མཚོ་ཁ་གཉིས་ནས་འབྲུ་རིགས་སྐྱེལ་འདྲེན་རྒྱུན་འཁྱོངས་བྱེད་ཐུབ་ཅེས་བཤད། ཡུཀ་རེན་གྱིས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱི་སྐད་ཆ་དེ་འཕྲོག་བཅོམ་བྱས་པའི་དངོས་ཟོག་དང་ཡུཀ་རེན་གྱི་འབྲུ་རིགས་བཅོམ་པ་རྣམས་སྐྱེལ་འདྲེན་བྱ་འཆར་ཡོད་པ་རེད་ཅེས་ཐེར་འདོན་བྱས་འདུག ཁ་སྔོན་ཕྱི་ཟླ་༣་པར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་མ་ཐུབ་པར་དམག་དཔུང་ཕྱིར་འཐེན་བྱས་ནས་བཟུང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་གྱི་གྲོང་གསེབ་ཁག་དང་གྲོང་ཁྱེར་ཁག་ལ་བཙན་འཛུལ་བྱས་ནས་ས་ཁུལ་དེ་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་ཐབས་སུ་འབད། སྲིད་འཛིན་ཛེ་ལན་སི་ཀིས་གསར་འགོད་པ་ཚོར་ཡུཀ་རེན་གྱི་ས་ཆ་བརྒྱ་ཆ་༢༠་ཐམ་པ་ཨུ་རུ་སུའི་དབང་བསྒྱུར་འགོ་ཏུ་ཚུད་སོང་ཞེས་བཀྲལ།།

ཕྱི་ཟླ་༦་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་དཔུང་གིས་ས་གནས་རེ་རེ་དང་སྲང་ལམ་རེ་རེ་བྱས་ནས་འཐབ་འཁྲུག་བརྒྱབ་སྟེ་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་གྱི་ས་གནས་ཁག་ཅིག་ཕྱིར་ལེན་བྱས་ཐུབ་ཡོད་པར་མ་ཟད། ས་གནས་ཁག་ཅིག་ནས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ཨུ་རུ་སུས་ཡུཀ་རེན་རྒྱལ་ཡོངས་བཙན་འཕྲོག་བྱེད་མ་ཐུབ་ཀྱང་རྒྱལ་ཁབ་དེའི་ཤར་ཕྱོགས་བཙན་འཕྲོག་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པ་འདོར་གྱི་མེད་པའི་གནས་ཚུལ་ཐོན། ཉེ་ཆར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ཤར་ཕྱོགས་ཀྱི་དམག་ས་ཁག་ཏུ་གཟིགས་ཞིབ་ལ་ཕེབས་ནས་ཡུཀ་རེན་གྱི་གྲོང་ཁྱེར་རྣམས་མི་མེད་ལུང་སྟོང་དུ་བསྒྱུར་འདུག ད་ལོའི་དགུན་ཁ་ཡང་ཡུཀ་རེན་གྱིས་དམག་འཁྲུག་རྒྱུན་སྐྱོང་བྱ་དགོས་ཐུག་སྲིད་པའི་གྲ་སྒྲིག་བྱེད་ཀྱི་ཡོད། ང་ཚོས་རང་བྱུང་སོལ་རླངས་དང་རྡོ་སོལ་རྣམས་ཕྱིར་ཚོང་བྱ་རྒྱུ་མཚམས་བཞག་སྟེ་རྒྱལ་ནང་གི་དགོས་མཁོ་གཙིགས་སུ་འཛིན་རྒྱུ་ཡིན། ཡུཀ་རེན་གྱི་གློག་གི་ཐོན་སྐྱེད་མང་དུ་བཏང་སྟེ་ཁྱིམ་མཚེས་རྒྱལ་ཁབ་རྣམས་མཐའ་གཅིག་ཏུ་ཨུ་རུ་སུའི་གློག་ལ་བརྟེན་མི་དགོས་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད། ང་ཚོས་ཡུཀ་རེན་གྱི་གློག་ཁང་ཁག་དང་ཚ་གློག་ཁང་རྣམས་བསྐྱར་གསོ་བྱ་དགོས། ཡུཀ་རེན་གྱི་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལོ་རྗེས་མར་ཡང་མི་དམངས་ལ་གློག་རིན་དང་ཚ་གློག་གི་རིན་གོང་མི་འཕར་བྱ་ཞིག་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོའི་མི་དམངས་ལ་དམག་འཁྲུག་གི་དཀའ་ངལ་འཕྲད་རྒྱུ་མང་དྲགས་མེད་ན་ཉུང་དྲགས་མེད། མ་འོངས་པའི་དགུན་ཁའི་དུས་སུ་ཡུཀ་རེན་མི་དམངས་ལ་གློག་དང་འཐུང་ཆུ། ཚ་གློག་རྣམས་ཡོད་པ་ཞིག་སྒྲུབ་ཐབས་བྱེད་ངེས་ཡིན་ཞེས་དགོང་མོའི་གཏམ་བཤད་སྐབས་སུ་ཁས་ལེན་བྱས་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་མ་རི་ཨུ་པུལ་གྲོང་ཁྱེར་གྱི་གད་སྙིགས་དང་མིའི་ཕུང་པོ་རྣམས་རུལ་ནས་འཐུང་ཆུ་འབག་བཙོག་ཏུ་གྱུར། ད་ལྟ་གྲོང་ཁྱེར་དེར་འཁྲུ་སྐྱུག་གི་ནད་ཡམས་ཤིག་ཁྱབ་རྒྱུའི་ཉེན་ཁ་འདུག འཁྲུ་སྐྱུག་གི་ནད་ཡམས་བྱུང་ན་ཨུ་རུ་སུའི་དམག་ལ་འགོས་ནས་ཨུ་རུ་སུའི་ས་མཚམས་བརྒལ་ནས་ནད་ཡམས་ཁྱབ་ཤས་ཆེ། ཡུཀ་རེན་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀས་འཁྲུ་སྐྱུག་གི་ནད་ཡམས་འབྱུང་སྲིད་པར་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་རྗེས་སུ་གྲོང་ཁྱེར་དེར་སྒོ་རྒྱ་བསྡམས་ནས་མི་དམངས་རྣམས་རང་ཁྱིམ་དུ་བཀག་འདུག་ཅེས་ཡུཀ་རེན་གྱི་མཐོ་རིམ་ལས་སྣེ་ཞིག་གིས་བཤད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འཁྲུ་སྐྱུག་གི་ནད་ཡམས་འཕྲལ་དུ་སྔོན་འགོག་བྱེད་མ་ཐུབ་ན་དུས་ཡུན་ཆུ་ཚོད་རེ་ཟུང་ནང་དུ་འཆི་ཉེན་ཡོད་པ་རེད་ཅེས་གསལ་བསྒྲགས་སྤེལ། འདི་ཙམ་ན་འཛམ་གླིང་དངུལ་ཁང་གིས་སླར་ཡང་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༡༥་མ་ཟིན་ཙམ་ཞིག་འགྲོ་གྲོན་བསྐྱི་རྒྱུའི་ཐག་བཅད། དེའི་སྔོན་ལ་འཛམ་གླིང་དངུལ་ཁང་གིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༣་བསྐྱིས། ཟླ་བ་སྔོན་མར་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༤༠་ཐམ་པ་རོགས་སྐྱོར་ཁས་བླངས། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༩་དང་ཕྱེད་ཀ་རོགས་སྐྱོར་སྤྲོད་རྒྱུའི་གྲོས་འཆམ་བྱུང་། འཛམ་གླིང་དངུལ་ཁང་གི་རོགས་རམ་རྣམས་ཡུཀ་རེན་མི་དམངས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོ། སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འཐུང་ཆུ་གཙང་མ། གློག་མཁོ་འདོན་དང་རྒྱ་ལམ་རྣམས་ཞིག་གསོ་བྱ་རྒྱུ་སོགས་ཀྱི་ལས་གཞི་ཁག་ལ་འགྲོ་གྲོན་གཏོང་དགོས། འདི་ནི་དམག་འཁྲུག་གི་དཀའ་ངལ་མྱོང་བཞིན་པའི་ཡུཀ་རེན་མི་དམངས་རྣམས་འཚོ་གནས་ཐུབ་པའི་གཞི་རྩའི་མཐུན་རྐྱེན་གྱི་དགོས་མཁོ་ཆེ་ཤོས་དེ་ཡིན་ཞེས་བཀོད་འདུག

XS
SM
MD
LG