ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིར་གཏོར་རྒོལ་བྱུང་ནས་ལོ་༡༨་འཁོར་བ།


༄༅།། ཕྱི་ཟླ་༩་པའི་ཚེས་༡༡་འདི་ནི་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ནས་ལོ་༡༨་འཁོར་བའི་དུས་དྲན་ཡིན་ཞིང་། དེ་རིང་གི་ཉིན་མོ་འདིར་ཨ་རིའི་རྒྱལ་ཡོངས་སུ་ནེའུ་ཡོཀ་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་ཀྱི་ཁང་ཆེན་གཉིས་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་བཅས་ལ་འཇིགས་སྐུལ་རིང་ལུགས་པ་ཚོས་གནམ་གྲུ་བཙན་ཁྲིད་ཀྱིས་གཏོར་རྒོལ་ཕོག ཕན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ས་གནས་ཤིག་ཏུ་འགྲུལ་སྐྱེལ་གནམ་གྲུ་ས་རུ་བརྡབས་ནས་ཁྱོན་བསྡོམས་ཨ་རིའི་ས་གནས་ཁག་གསུམ་དུ་ཨ་མི་རི་ཀ་བ་སྟོང་ཕྲག་༣་ལྷག་ལ་སྲོག་སྐྱོན་བྱུང་ཚོར་རྗེས་དྲན་གྱི་མཛད་སྒོ་སྣ་མང་ཞིག་འཚོགས་ཀྱི་ཡོད་པ་རེད།

ནེའུ་ཡོཀ་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་ཁང་ཆེན་གཉིས་ཀྱི་ཤུལ་དེར་འགྲེམ་སྟོན་ཞིག་ཚུགས་ནས་གཏོར་བཤིག་ཕོག་པའི་ཚོང་དོན་ལྟེ་གནས་ཁང་ཆེན་གཉིས་ཀྱི་དྭངས་ལྕགས་ཀ་གདུང་དང་ས་རྡོ། འདས་པོ་རྣམས་ཀྱི་གྱོན་གོས་དང་ལྷམ་སོགས་འགྲེམ་སྟོན་བྱས་ཡོད་ཅིང་། ༢༠༠༡་གི་ཕྱི་ཟླ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་། ཤན་ཁེ་སི་ཝྭིལ་ས་གནས་བཅས་སུ་གཏོར་རྒོལ་བྱས་ཀྱང་གཏོར་རྒོལ་དེར་ཨ་རི་རྒྱལ་ཡོངས་དང་འཛམ་གླིང་ཁྱོན་ཡོངས་ཀྱིས་མྱ་ངན་དང་རྗེས་དྲན་བྱས་པར་མ་ཟད། ཨ་མི་རི་ཀས་འཛམ་གླིང་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་དམག་འཁྲུག་ཅིག་མགོ་བརྩམས་ནས་ལོ་༡༨་འགྲོ་བཞིན་ཡོད། གཟའ་ལྷག་པའི་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ལོ་༡༨་སྔོན་གྱི་དེ་རིང་གི་ཉིན་མོ་འདིར་ང་ནི་རང་ཁྱིམ་དུ་བསྡད་ནས་ཚོང་ལས་ཀྱི་བརྙན་འཕྲིན་ལས་རིམ་ཞིག་ལ་ལྟ་བཞིན་ཡོད། དེ་ནས་གློ་བུར་དུ་བརྙན་འཕྲིན་ལས་རིམ་སྟོན་མཚམས་བཞག་ནས་མི་ཚང་མ་མགོ་འཐོམས་པ་རེད། མཐར་འགྲུལ་སྐྱེལ་གནམ་གྲུ་གཉིས་པ་ཞིག་གིས་འཛམ་གླིང་ཚོང་དོན་ལྟེ་གནས་གཞན་པ་དེར་རྡུང་ཁ་བརྒྱབ་སོང་། དེར་བརྟེན་ངས་འཛམ་གླིང་འདིར་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་ངོས་ཟིན་སོང་། ཉིན་དེའི་གཏོར་རྒོལ་དངོས་སུ་མཐོང་མྱོང་ཡོད་པའི་ཨ་མི་རི་ཀ་བ་སུ་ཞིག་ཡིན་རུང་མི་དེའི་སེམས་ལ་ཉིན་དེའི་བྱུང་བ་རྣམས་རྡོ་བསྐོས་རི་མོ་བཞིན་དུ་འཇགས་ཡོད་པ་རེད་ཅེས་གཏམ་བཤད་བྱས་འདུག

ད་ལྟ་ལོ་༡༨་ཀྱི་རྗེས་སུའང་ཨ་མི་རི་ཀ་བ་དང་འཛམ་གླིང་མི་དམངས་ཀྱི་སེམས་སུ་ནེའུ་ཡོཀ་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་གཉིས་ལ་གནམ་གྲུས་རྡུང་ཁ་བརྒྱབ་སྟེ་མེ་འབར་ནས་དུ་བ་ཐོན་པ་དང་ཤོག་སྙིགས་རླུང་གི་འཁྱེར་པ། མི་ཁག་ཅིག་ཁང་བརྩེགས་མཐོན་པོ་དེའི་སྒེའུ་ཁུང་ནང་ནས་མར་མཆོངས་ཏེ་རང་སྲོག་བཅད་པ། ད་དུང་འཛམ་གླིང་ཚོང་དོན་ལྟེ་གནས་བརྡིབས་ཏེ་ནེའུ་ཡོཀ་གྲོང་ཁྱེར་ཧྲིལ་པོ་ཐལ་རྡུལ་གྱིས་བཏུམས་པ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཆགས་པའི་རྒྱལ་སྲུང་ལྷན་ཁང་ལ་གནམ་གྲུས་རྡུང་ཁ་བརྒྱབ་སྟེ་མེ་འབར་པ་སོགས་ལྷང་ངེར་དྲན་གྱི་ཡོད་པ་རེད། ནེའུ་ཡོཀ་གྲོང་ཁྱེར་དུ་ཚོགས་པའི་༩་པའི་༡༡་གི་རྗེས་དྲན་མཛད་སྒོར་མང་ཚོགས་ཞུགས་ཆོག་གི་མེད་ཀྱང་བརྙན་འཕྲིན་ཐོག་ཏུ་མཛད་སྒོ་ཆ་ཚང་ལྟ་ཉན་བྱེད་ཐུབ། དོ་དགོང་གི་མཚན་དཀྱིལ་བར་དུ་འཛམ་གླིང་ཚོང་དོན་ལྟེ་གནས་ཁང་ཆེན་གཉིས་ཀྱི་ཤུལ་ནས་བར་སྣང་ཁམས་སུ་རྗེས་དྲན་གྱི་གློག་སྒྲོན་སྦར་རྒྱུ་ཡིན་པ་དེར་མང་ཚོགས་མཉམ་ཞུགས་བྱེད་ཆོག་པ་རེད།

ཕྱི་ཟླ་༩་པའི་ཚེས་༡༡་ཉིན་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་ཨོ་ས་མ་བྷིན་ལ་ཌན་གྱི་བཀོད་བྱུས་འོག་ཏུ་ཨ་མི་རི་ཀར་གཏོར་རྒོལ་ཕོག ཨ་རིའི་རྒྱལ་སྲུང་ལྷན་ཁང་གཅིག་པུའི་ནང་དུ་མི་༡༨༤་བསད། ཨ་རིའི་རྒྱལ་སྲུང་ལྷན་ཁང་དུ་འདས་པོ་རྣམས་ལ་རྗེས་དྲན་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོའི་མཛད་སྒོ་ཞིག་འཚོགས་ཀྱི་ཡོད་པ་དེར་སྲིད་འཛིན་ཌོ་ནལ་ཊམ་ཡང་མཉམ་ཞུགས་གནང་གི་ཡོད་པར་མ་ཟད། ཨ་རིའི་གྲུལ་སྐྱེལ་གནམ་གྲུ་༩༣་པའི་ནང་གི་འགྲུལ་པ་ཚོས་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ནས་གནམ་གྲུ་དེས་རྒྱལ་ས་ཝ་ཤིང་ཊོན་གྱི་དམིགས་འབེན་ལ་གཏོར་རྒོལ་བྱ་ཐུབ་མེད། གནམ་གྲུ་དེ་ཕན་སིལ་ཝྭེ་ཎི་ཡའི་ཤན་ཁེ་སི་ཝྭིལ་ས་གནས་སུ་ས་ནང་ལ་བརྡབས་ནས་འགྲུལ་པ་དང་འཇིགས་སྐུལ་རིང་ལུགས་པ་ཚོར་སྲོག་སྐྱོན་བྱུང་ནས་མི་གཅིག་ཀྱང་ཐར་མེད། ཨ་རིའི་སྲིད་འཛིན་གཞོན་པ་ས་གནས་དེར་ཕེབས་ནས་རྗེས་དྲན་མཛད་སྒོར་ཞུགས་འདུག ༢༠༡༡་ལོའི་ཕྱི་ཟླ་༥་ཚེས་༢་ཉིན་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཨོ་ས་མ་བྷིན་ལ་ཌན་བསད་ནས་ཨལ་ཁེ་དྷ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་ཕམ་ཉེས་ཆེན་པོ་བྱུང་ངོ་།།

XS
SM
MD
LG