ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྷ་ཌན་གྱི་གཞུང་གིས་ཕཱོ་ཊིན་ཇེར་གྱི་སྲིད་ཇུས་རྒྱན་འཁྱོངས་བྱ་རྒྱུ། 


༄༅།། ཉེ་ཆར་གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱས་ནས་དྲག་ཟིང་བསླངས། གྲོས་ཚོགས་ཁང་ལ་གཏོར་བཅོམ་བྱས་པའི་རྗེས་སུ་ཕོ་བྲང་དཀར་བོའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་མེ་ཐིའུ་ཕཱོ་ཊིན་ཇཱེར་སོགས་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཁག་ཅིག་གིས་སྲིད་འཛིན་ཊམ་ལ་ངོ་རྒོལ་བྱས་ནས་རང་རང་གི་ལས་གནས་ནས་རྩ་དགོངས་ཞུས། ཝ་ཤིན་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་རྩ་དགོངས་ཞུས་ཟིན་པའི་ཕོ་བྲང་དཀར་བོའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་ནི་སྲིད་འཛིན་ཊམ་གྱི་སྲིད་གཞུང་གི་ལས་སྣེ་ཤུགས་རྐྱེན་ཅན་ཞིག་ཡིན་པར་ཨ་རི་བ་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱུང་ཡོད། ཁོ་པས་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ལ་ཐོན་པའི་ཤུགས་རྐྱེན་རྣམས་མ་འོངས་པའི་ལོ་ཤས་རྗེས་སུ་མངོན་ཐུབ། ལྷག་པར་དུ་ཕཱོ་ཊིན་ཇེར་གྱིས་བསྟན་པའི་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་རྣམས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་འཛིན་ལྷན་ཀང་གིས་ཀྱང་རྒྱུན་འཁྱོངས་བྱ་ངེས་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཨ་རིའི་སྲིད་འཛིན་ཊམ་གྱི་སྲིད་གཞུང་འགོ་ཚུགས་མ་ཐག་ཏུ་ཕཱོ་ཊིན་ཇཱེར་སོགས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་སྟེ་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་དུ་དམག་དོན་འཐབ་ཇུས་གསར་པ་ཞིག་འཛིན་རྒྱུ། ཨ་རིའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཨེ་ཤེ་ཡའི་འཐབ་ཇུས་རྣམས་གཏན་འབེབས་བྱས་པར་མ་ཟད། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་དཔལ་འབྱོར་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་ཁ་གཏད་གཅོག་རྒྱུའི་ཐབས་ཇུས་ཤིག་འཛིན་དགོས་པའི་སྙན་ཐོ་བཏོན། སྲིད་འཛིན་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཚོང་དམག་རྒྱག་རྒྱུའི་རྨང་གཞི་བརྟན་པོ་ཞིག་བཙུགས། ཕྱིས་སུ་ཁོ་པ་བྲང་དཀར་བོའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པར་བསྐོ་བཞག་བྱུང་སྟེ་འཛམ་གླིང་གི་ས་ཕྱོགས་གང་སར་གཏམ་བཤད་བྱས་ཤིང་། སྲིད་འཛིན་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ངོས་ཟིན་མེད་པའི་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་མང་པོ་ཞིག་བསྟན། ཨ་རིས་རྒྱ་ནག་ལ་སྲིད་ཇུས་འཛིན་ཕྱོགས་ཐད་དུ་ཤུགས་རྐྱེན་ཆེན་པོ་ཐོན།།

དེ་སྔོན་ཁོ་པས་དབྱིན་ཡུལ་གྱི་རིག་མཛོད་ཉམས་ཞིབ་ཁང་ཞིག་ཏུ་བརྙན་ལམ་བརྒྱུད་ནས་གཏམ་བཤད་བྱས་ཡོད་པ་སྟེ། ཁོ་པས་བསྟན་པའི་སྲིད་འཛིན་ཊམ་གྱི་གཞུང་འཛིན་ལྷན་ཁང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁྱད་ཆོས་གཙོ་བོར་གྱུར་པའི་ཁ་རི་ཁ་ཐུག་དང་སྦ་གསང་མེད་པའི་ལངས་ཕྱོགས་གཏན་ལ་ཕབ། ད་ལྟ་འཐབ་ཇུས་དེ་ཉིད་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་ཀྱི་ཐུན་མོང་གི་ངོས་འཛིན་ཐབས་ཇུས་ཤིག་ཏུ་གྱུར། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱིས་རྒྱ་ནག་ལ་འཛིན་པའི་ཐུན་མོང་གི་ལྟ་སྟངས་ཤིག་ཏུའང་གྱུར། ཐ་ན་ཡུ་རོབ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་དེར་འགྱུར་བ་གཏོང་བཞིན་ཡོད་ཅེས་བསྒྲགས། དེང་སྐབས་འཛམ་གླིང་སྟེང་དུ་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་སྲིད་ཇུས་དང་མི་དམངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་ནུས་པ་ནི་རྒྱལ་ཁབ་གཞན་ཁག་ལས་ཀྱང་ཤུགས་ཆེ། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་རྒྱ་ནག་གུང་ཁྲན་ཏང་གིས་སྲིད་དབང་བཟུང་བ་དེ་དམག་དོན་གྱི་ནུས་པ་གཅིག་པུར་བརྟེན་ཡོད་པ་ཞིག་མ་ཡིན་པར་ཕ་རོལ་ལ་སིམ་འཛུལ་དང་དཀྲུག་ཤིང་བརྒྱབ་ནས་ནུས་པ་ཆེན་པོ་ཐོན་ཡོད་སྐད།།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གལ་འགངས་ཆེན་པོར་རྩི་བཞིན་འདུག རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་མངོན་གསལ་དོད་པོ་མེད་པ་ཞིག་རེད། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལ་སྡེ་ཚན་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་ལས་བྱེད་པའང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཕྱི་འབྲེལ་མི་སྣའི་གྲངས་ཀ་ལས་ལྡབ་བཞི་མང་བ་འདུག རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁག་གི་དམིགས་ཡུལ་གྱི་ཁྱད་ཆོས་ནི་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་རྣམས་བསྡུ་ལེན་བྱ་རྒྱུ། རྒྱལ་ཁབ་གཞན་གྱི་མི་དམངས་ལ་ཤུགས་རྐྱེན་ཐེབས་རྒྱུ། རྒྱལ་ཁབ་གཞན་ལ་དྲིལ་སྒྲོག་དང་བསླུ་བྲིད་གྱིས་བློ་འགུགས་བྱ་རྒྱུ་བཅས་ཡིན་པའི་བྱ་ཐབས་རྣམས་དཀྱུས་གཅིག་ཏུ་སྟར་ནས་རྒྱ་ནག་གི་བྱ་སྤྱོད་དེ་རྣམས་ཐེར་འདོན་བྱས་ཏེ་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པར་གྱུར། ཕཱོ་ཊིན་ཇེར་གྱིས་རྒྱ་ནག་ལ་བཟུང་བའི་ལངས་ཕྱོགས་དང་སྲིད་ཇུས་ཁག་མ་འོངས་པར་ཨ་རིའི་གཞུང་གསར་པས་ཀྱང་རྒྱུན་འཁྱོངས་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG