ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རིགས་སློབ་ཐོན་པ་ཚོས་རྒྱ་གཞུང་གིས་གཏན་འཇགས་ལས་གནས་བཀོད་སྒྲིག་ཐད་ཞུ་འབོད།


མདོ་སྨད་རྨ་ཆུ་ས་ཁུལ་གྱི་སློབ་མཐར་ཕྱིན་པའི་སློབ་ཕྲུག་མང་པོ་ཞིག་གིས་ལས་གནས་བཀོད་སྒྲིག་གི་ཐད་བོད་ཡིག་གཙིགས་སུ་འཛིན་ཀི་མེད་ཅེས་ངོ་རྒོལ་བྱས་ཏེ། ས་གནས་མང་ཚོགས་ཀྱིས་ལས་དོན་དེར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད། དེ་ཡང་སློབ་ཆེན་དང་འབྲིང་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཁག་ཅིག་གིས་དེ་རིང་གཟའ་ཕུར་བུའི་ཉིན་རྫོང་སྲིད་གཞུང་གི་མདུན་དུ་ལག་ལ་འཕྲེད་དར་བཟུང་ནས། ཕྱི་ཡོང་སློབ་མ་སྔོན་འགོག་དང་ས་གནས་སློབ་མར་ལས་བགོས་བྱ་དགོས་ཞེས་འབོད་ཚིག་བསྒྲགས་ཡོད། སློབ་གྲྭ་ཐོན་མཁན་འདི་དག་གིས་ཁོ་ཚོར་གཏན་འཇགས་ཀྱི་ལས་གནས་ཤིག་མི་རེག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བྱ་བའི་ལས་ཞུགས་རྒྱུགས་གཞི་ནི་བོད་རིགས་རང་སྐྱོང་ས་ཁུལ་གྱི་སློབ་ཕྲུག་རྣམས་ལ་དམིགས་པའི་བོད་ཡིག་རྐྱང་རྐྱང་གི་རྒྱུགས་གཞི་མེད་པ་དང་། ས་གནས་ཀྱི་ལས་བྱེད་དང་འབྲེལ་ཡོད་མི་སྣས་རྫོང་གི་ཕྱི་ལོགས་སུ་ཡོད་པའི་སོ་སོའི་གཉེན་ཚན་སོགས་རྨ་ཆུ་རྫོང་གི་སློབ་ཕྲུག་ཡིན་ཁུལ་གྱིས་ཡིག་རྒྱུགས་ནང་ཞུགས་པའི་གོ་སྐབས་སྤྲད་དེ་ས་གནས་ཀྱི་སློབ་ཕྲུག་རྣམས་སློབ་གྲྭ་ཆེན་མོ་སོགས་སུ་བསྡུ་ལེན་བྱེད་ཚད་ཉུང་དུ་འགྲོ་བཞིན་པ། ད་རུང་དཔོན་རིགས་མང་པོས་གཞན་ཡུལ་གྱི་གཉེན་ཚན་རྣམས་རྨ་ཆུ་ས་ཁུལ་གྱི་སྡོད་དམངས་ཡིན་ཁུལ་གྱིས་རྨ་ཆུ་རུ་ལས་ཀ་བཀོད་སྒྲིག་བྱས་ཏེ་ས་གནས་སློབ་མར་ལས་བགོས་བྱེད་ཀི་མེད་པ་བཀོད་ཡོད། སློབ་གྲྭ་ནས་ཐོན་མཁན་འདི་དག་གིས་གཟའ་ལྷག་པའི་ཉིན་སྤེལ་བའི་གསལ་བསྒྲགས་ནང་དུ། ཁོ་ཚོས་ལོ་ཁ་ཤས་རིང་ལ་ཡང་དང་བསྐྱར་དུ་གོང་རིམ་ལ་རེ་ཞུ་ཡི་གེ་ཕུལ་ནའང་དེར་འཚམས་ཀྱི་ཐག་གཅོད་མ་བྱུང་བས་ས་གནས་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་བརྒྱབ་ཡོད་པ་རེད།།
XS
SM
MD
LG