ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

སྙེ་ཤང་ཡུལ་དུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ་གདལ། 


India Cattle Disease
India Cattle Disease

༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་སྙེ་ཤང་ཡུལ་དུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༡༣་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྙེ་ཤང་རྫོང་གི་ཕྱུགས་ཟོག་སྨན་ཁང་དང་ཕྱུགས་ཟོག་གསོ་སྐྱོང་ཁང་གི་སྨན་པ་ན་ར་ཡན་ཀུ་སུམ་(Narayan Kusum)་གྱིས་ཆ་མེ་ཞེས་པའི་ཞིང་པ་ཞིག་ལ་གླང་གོག་ཅིག་ཡོད་དེར་འབུར་རྡོག་ཐོན་ནས་ཚ་བ་འཕར་ཏེ་ན་ཚ་ཞིག་ཕོག་འདུག ང་ཚོས་གླང་གོག་དེ་ལོགས་སུ་བཀར་ནས་ཕྱུགས་ཟོག་གཞན་ལ་འདྲེས་མ་བཅུག་པར་བཞག་ཡོད། སྙེ་ཤང་རྫོང་ལ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་པ་འགོག་ཐབས་སུ་སྨན་ཁབ་༢༠༠༠་ཐམ་པ་སྐྱེལ་འདྲེན་བྱས་པ་ཡིན་། དེ་བཞིན་ཉིན་ཤས་རྗེས་སུ་ནཱ་སོ་ས་གནས་ཀྱི་ཕྱུགས་ཟོག་ལའང་ནད་ཡམས་སྔོན་འགོག་གི་སྨན་ཁབ་རྒྱག་འཆར་ཡོད། སྙེ་ཤང་རྫོང་ལ་ཁྱོན་བསྡོམས་ཕྱུགས་ཟོག་༡༥༠༠་ཡས་མས་ཤིག་འདུག་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༧་པའི་ཚེས་༡༤་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་དེ་བ་ར་ཇ་གྷི་མེ་རིས་རྒྱལ་ཡོངས་སུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ་བཞིན་པའི་གནས་སྟངས་དང་དེ་ལ་སྔོན་འགོག་ཇི་ལྟར་བྱེད་ཀྱི་ཡོད་མེད་རྣམས་སྲིད་གཞུང་གིས་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པའི་ཐག་གཅོད་བྱུང་སོང་ཞེས་གསལ་བསྒྲགས་སྤེལ། གྲོས་ཚོགས་ཀྱི་ཚོགས་གཙོ་གྷི་མེ་རིས་ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་པ་དེར་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གླེང་སློང་ཆེན་པོ་བྱུང་སོང་། སྲིད་གཞུང་གིས་ནད་འགོག་གི་ཐབས་ཇུས་ཅི་ཞིག་བསྟེན་ཡོད་མེད་གསལ་བཤད་བྱ་དགོས། འདས་པའི་ཉི་མ་གཉིས་ལ་གྲོས་ཚོགས་འཐུས་མི་ཚོས་ཕྱུགས་ཟོག་ལ་འབུར་རྡོག་ཐོན་གྱི་ཡོད་པར་གྲོས་སྡུར་བྱས་པ་རེད། བལ་ཡུལ་དུ་ཕྱུགས་ཟོག་གི་ནད་ཡམས་ཤིག་ཁྱབ་བཞིན་པ་ངེས་པར་དུ་འགོག་དགོས་པའི་གྲོས་མཐུན་བྱུང་སོང་ཞེས་བཤད་འདུག

གཟའ་པ་སངས་ཉིན་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱལ་ཡོངས་སུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ་སྟེ་ཞིང་པ་ཚོར་དཀའ་ངལ་འཕྲད་ཀྱི་འདུག བལ་ཡུལ་གཞུང་གིས་མགྱོགས་ནས་མྱུར་དུ་གྲོང་གསེབ་ཁག་ཏུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་སྔོན་འགོག་གི་སྨན་ཁབ་རྒྱག་དགོས་ཞེས་ནན་གྱིས་བསྐུལ། བལ་ཡུལ་གྱི་དམར་ཤོག་ཚོགས་པ་དང་མར་ཁེ་སི་ལེ་ནིང་རིང་ལུགས་ཚོགས་པའི་འགོ་ཁྲིད་པདྨ་གྷི་རིས་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ་ཀྱི་ཡོད་ཀྱང་སྲིད་གཞུང་གིས་དེ་ལ་གདོང་ལེན་བྱེད་ཀྱི་མི་འདུག་ཅེས་སྐྱོན་བཙུགས། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་འཐུས་མི་རམ་ཧ་རི་ཀཱ་ཏི་ཝ་ཏས་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ཞིང་ཁའི་ནང་དུ་ཤི་ཡོད་པས་ས་ཞིང་འབག་བཙོག་ཏུ་གྱུར། ཞིང་པ་ཚོས་ས་ཞིང་འདེབས་ལས་བྱེད་མ་ཐུབ། བལ་ཡུལ་གྱི་གྲོང་གསེབ་ཁག་ཏུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཁྱབ་རྒྱུ་ཧ་ཅང་ཚབས་ཆེན་ཞིག་ཏུ་འགྱུར་གྱི་འདུག་ཅེས་བཀྲལ།།

བལ་ཡུལ་གྱི་ར་ཤ་ཏྲི་ཡ་པྲ་ཇ་ཏནྟྲ་ཚོགས་པའི་འཐུས་མི་ཤོ་ཤན་ཀར་ཀིས་སྲིད་གཞུང་གིས་ཕྱུགས་ཟོག་ལ་ནད་ཡམས་ཤིག་ཁྱབ་བཞིན་པ་སྔོན་འགོག་ཇི་ལྟར་བྱས་ཡོད་མེད་དང་དེའི་གྲུབ་འབྲས་རྣམས་སྙན་སེང་ཞུ་དགོས་ཞེས་དགོས་འདུན་བཏོན། ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་དེ་ཁྲག་འཇིབ་འབུ་སྲིན་དུག་སྦྲང་དང་པད་པ། གཏེ་ཁེ་སོགས་ཀྱིས་བགོ་བཞིན་ཡོད་པ་དང་ཕྱུགས་ཟོག་ལ་ནད་ཡམས་དེ་འགོས་པའི་རྗེས་སུ་ཚ་བ་འཕར། ཀོ་ལྤགས་སྟེང་དུ་འབུར་རྡོག་ཐོན་པའི་ནད་རིགས་ཤིག་ཡིན་འདུག ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་གྲོང་གསེབ་ཁག་ཏུ་ཞིང་ཁའི་ནང་དུ་ནད་ཡམས་འགོས་པའི་ཕྱུགས་ཟོག་ཤི་བའི་རོས་ཁེངས་འདུག གལ་སྲིད་ས་ཞིང་འདེབས་ལས་བྱེད་མ་ཐུབ་ཚེ། བལ་ཡུལ་གྱི་ཞིང་པ་ཚོར་སྟོན་འབྲས་བསྡུ་རྒྱུ་མེད་པར་འབྲུ་རིགས་ཆད། ཐ་ན་བལ་ཡུལ་ལ་མུ་གེ་ཆེན་པོ་ཞིག་ཡོང་སྲིད་ཅེས་ཉེན་བརྡ་བཏང་འདུག

India Cattle Disease
India Cattle Disease

རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་གྲོང་གསེབ་ཁག་ཏུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་ཤིག་ཁྱབ་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་ཡོད་ཅིང་། ད་ལོའི་ཕྱི་ཟླ་༥་པའི་ཚེས་༢༢་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་རྒྱ་གར་གཞུང་གིས་ས་མཚམས་ཀྱི་ས་སྲུང་བ་དང་ས་གནས་ཉེན་རྟོག་པ་ཚོར་བལ་ཡུལ་དུ་ཕྱུགས་ཟོག་ལ་འབུར་རྡོག་ཐོན་པའི་ནད་ཡམས་ཤིག་ཁྱབ་ཀྱི་འདུག བལ་ཡུལ་ནས་རྒྱ་གར་ལ་ཕྱུགས་ཟོག་དེད་ནས་ཡོང་དུ་འཇུག་མི་ཉན་ཞེས་བཀོད་ཁྱབ་བཏང་ཞིང་། རྒྱ་གར་གྱི་ནུབ་བངྒ་ལ་དང་བལ་ཡུལ་གཉིས་ལ་ས་མཚམས་སྤྱི་ལེ་༡༠༠་ཡས་མས་ཤིག་ཡོད་པར་མ་ཟད། རྒྱ་གར་གྱི་རྡོ་རྗེ་གླིང་དུའང་ཕྱུགས་ཟོག་ཁག་ཅིག་ལ་འབུར་རྡོག་ཐོན་ནས་ནད་ཡམས་འགོས། ནུབ་བངྒ་ལ་མངའ་སྡེ་དང་རྡོ་རྗེ་གླིང་ས་གནས་གཞུང་གིས་བལ་ཡུལ་ནས་ཕྱུགས་ཟོག་དང་སེམས་ཅན་ཆུང་རིགས་རྣམས་རྒྱ་གར་ལ་དེད་ནས་ཡོང་མི་ཆོག་པའི་འགོག་སྲུང་དམ་པོ་བྱ་རྒྱུ་འགོ་ཚུགས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༣༠་ཉིན་བལ་ཡུལ་གྱི་ཀཱ་བྷར་ཧབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་བྷང་ལ་ཆུ་ལི་དང་རབ་ཏི། ལམ་ཧི་དང་གྷར་ཝཱ། ར་ཇ་པུར། གྷོ་ར་ཧི་ཀ་སོགས་འབྲོག་ས་ཁག་ཏུ་ཕྱུགས་ཟོགས་ལ་འབུར་རྡོག་ཐོན་ནས་ནད་ཡམས་ཤིག་ཁྱབ། བྷང་ལ་ཆུ་ལི་ས་གནས་ཀྱི་འགོ་ཁྲིད་གོ་ཝིན་ད་ནེ་པ་ལིས་ཕྱུགས་ཟོག་༢༥༠་ལྷག་ལ་ནད་ཡམས་འགོས་འདུག ཕྱུགས་ཟོག་གི་ནད་རྟགས་ཀྱི་དཔེ་མཚོན་རྣམས་ས་གནས་བརྟག་དཔྱད་ཁང་དུ་བཏང་ནས་ནད་དུག་ངོ་ཐག་བཅད་པ་ཡིན། རབ་ཏི་ས་གནས་ཀྱི་རུ་པ་ཀོ་ཏ་དང་གྷོ་ཤ་ཀཱོ་ལ་བཅས་སུ་གཡུང་ལ་ཕབ་སྟེ་སྒོ་ཕྱུགས་སུ་བསྒྱུར་བའི་སེམས་ཅན་༥་ལ་འབུར་རྡོག་གི་ནད་ཡམས་འགོས་ནས་ཤི་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༧་པའི་ཚེས་༤་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་སུ་དུར་པ་ས་ཆིམ་ཞིང་ཆེན་གྱི་ཕྱོགས་ཟོག་༡༡༠༠༠་ཡས་མས་ཤིག་ལ་འབུར་རྡོག་ཐོན་ནས་ཤི་འདུག ཞིང་ཆེན་དེར་ཕྱུགས་ཟོག་༡༥༨༢༠༠༠་ལྷག་ཡོད་པའི་ཁོངས་ནས་བ་ལང་དང་མ་ཧེ་༢༩༨༠༠༠་ལ་འབུར་རྡོག་ཐོན། དེ་ནི་ཞིང་ཆེན་དེའི་ཕྱུགས་ཟོག་གི་སྤྱིའི་གྲངས་འབོར་ཀྱི་བརྒྱ་ཆ་༡༢.༧་ཟིན་གྱི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG