ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

སྨན་པ་རུ་ཡི་ཏས་རྫོང་གསར་པར་སྐྱ་འགྲིབ་ཅན་ཚོའི་མིག་ལ་གཤག་བཅོས། 


བལ་ཡུལ་གྱི་སྨན་པ་སན་དྷུག་རུ་ཡི་ཏ་
བལ་ཡུལ་གྱི་སྨན་པ་སན་དྷུག་རུ་ཡི་ཏ་

༄༅།། གཟའ་མཇུག་དེར་བལ་ཡུལ་གྱི་སྨན་པ་སན་དྷུག་རུ་ཡི་ཏ་རྫོང་གསར་པར་ཕེབས་ནས་མིག་ནད་ཅན་དང་སྐྱ་འགྲིབ་ཅན། ལོང་བ་ཚོར་སྨན་བཅོས་བྱས་ནས་གཞན་ཕན་གྱི་ལས་དོན་བསྒྲུབས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༣་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན།

བལ་ཡུལ་གྱི་སྨན་པ་སན་དྷུག་རུ་ཡི་ཏ་
བལ་ཡུལ་གྱི་སྨན་པ་སན་དྷུག་རུ་ཡི་ཏ་

སྨན་པ་སན་དྷུག་རུ་ཡི་ཏས་ནད་པ་བརྒྱ་ཕྲག་འགའ་ཞིག་ལ་མིག་གི་སྨན་བཅོས་བྱས་པ་དེ་དག་གི་གྲས་སུ་ལོ་ན་༦༠་ཐམ་པར་སོན་པའི་གུ་རུང་རིན་ཆེན་རྒྱལ་མོ་འདུས། ཁོ་མོ་འོན་པར་གྱུར་ཏེ་ངག་མི་ཁྲོལ། ལོ་ཤས་གོང་དུ་རྩྭ་འཐུ་རུ་ཕྱིན་པའི་སྐབས་སུ་བརྡབས་ཏེ་རྨས་སྐྱོན་ཕོག་ནས་མིག་གཡས་པ་ལོང་། ད་དུང་སྟབས་མ་ལེགས་པ་ཞིག་ལ་ཉེ་ཆར་གུ་རུང་རིན་ཆེན་རྒྱལ་མོའི་མིག་གཡོན་པ་སྐྱ་འགྲིབ་ཀྱིས་བཀབ་སྟེ་མིག་གཉིས་ཀས་མི་མཐོང་བར་གྱུར་ནས་བཟའ་མི་བློ་འཚབ་ཀྱི་ཀློང་དུ་ཚུད།།

གུ་རུང་རིན་ཆེན་རྒྱལ་མོ་ནི་རང་གི་གཅེན་པོའི་བཟའ་མི་ཚོའི་མཉམ་དུ་བསྡད་ཡོད་པ་དང་བདུན་ཕྲག་སྔོན་པའི་གཟའ་པ་སངས་ཉིན་ཚ་མོས་ཁྲིད་ནས་མིག་གི་སྨན་བཅོས་སྒར་སར་བསླེབས། ཁོ་མོས་མིག་གིས་མི་མཐོང་བ་དང་རྣ་བས་མི་གོ་བ། ངག་མི་ཁྲོལ་བ་བཅས་ཀྱི་ཟུར་ཁག་ཅིག་ཏུ་འཇམ་ཐིང་ངེར་བསྡད། མི་ཚོས་ལག་པ་ཐུག་ནས་རྒན་མོ་དེར་གོ་བརྡ་སྤྲོད་དགོས་ཤིང་། ཚ་མོ་དེས་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ཨ་ནེའི་གནས་སྟངས་ལ་དོ་བདག་ལས་ཀྱང་ང་ཚོར་སེམས་ཁྲལ་ཆེ། ང་ཚོས་སྨན་བཅོས་རྗེས་སུ་ཨ་ནེའི་མིག་གིས་མཐོང་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཁོ་ཚོས་རེ་ལྟོས་བཅངས་པ་ལྟར་ཕྱི་ཉིན་གུ་རུང་རིན་ཆེན་རྒྱལ་མོའི་མིག་གི་རྨས་རས་གྲོལ་བའི་རྗེས་སུ་མིག་ཤེས་སླར་གསོ་བྱུང་སྟེ་བསྐྱར་དུ་འཇིག་རྟེན་འདི་མཐོང་ཐུབ་པ་ཞིག་ཏུ་གྱུར་པར་ཐམས་ཅད་དགའ་སྤྲོས་བརྟས།།

ཉི་མ་གཉིས་ཀྱི་སྨན་བཅོས་དུས་སུ་ཁྱོན་བསྡོམས་རྫོང་གསར་པའི་ནད་པ་༡༢༣༤་བསྟེན་ཐུག་བྱེད་དུ་ལྷགས། ཏིལ་གན་ག་མིག་གི་སྨན་ཁང་དང་ཧི་མ་ལ་ཡའི་སྐྱ་འགྲིབ་སྨན་བཅོས་ཁང་གཉིས་མཉམ་འབྲེལ་གྱིས་ནད་པ་༤༣༥་ལ་སྨན་བཅོས་བྱས་ནས་རང་ཁྱིམ་དུ་བསློགས། ནད་པ་༧༨་གྱི་མིག་གི་སྐྱ་འགྲིབ་འགོག་པར་གཤག་བཅོས་བྱས་འདུག ཕྱི་ཟླ་༦་པའི་ཚེས་༡༥་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྨན་པ་སན་དྷུག་རུ་ཡི་ཏ་ནི་བོད་ཀྱི་མཐའ་མཚམས་དང་གངས་ཅན་མཛོད་ལྔའི་ཉེ་འདབས། བལ་ཡུལ་གྱི་ཝ་ལུང་ཞེས་འབོད་པའི་ཨོ་ལང་ཆུང་རྒོ་ལ་སྟེ། རླངས་འཁོར་གྱི་རྒྱ་ལམ་ཡོད་ས་ནས་ཆུ་ཚོད་༩་ལ་རྐང་ཐང་དུ་བསྐྱོད་དགོས་པའི་གྲོང་གསེབ་ཅིག་ལ་འཚར་ལོངས་བྱུང་། ཝ་ལུང་བ་ནི་མི་རིགས་དང་རིག་གཞུང་རྣམས་བོད་པ་ཡིན་རུང་ད་ལྟ་བལ་ཡུལ་མཐའ་མཚམས་ཀྱི་འབྲོག་པའི་རིགས་སུ་གཏོགས་ཞེས་གནས་ཚུལ་སྤེལ་འདུག

སྨན་པ་སན་དྷུག་རུ་ཡི་ཏའི་འབྱུང་ཁུངས་ནི་མཐའ་ཁོབ་ཅིག་ཡིན་རུང་ཨ་ཕས་རང་གི་བུ་དེ་ཆུང་དུས་ནས་རྣམ་རིག་བཀྲ་བ་མཐོང་སྟེ་རྒྱ་གར་གྱི་རྡོ་རྗེ་གླིང་གི་ཡེ་ཤུའི་སློབ་གྲྭ་ཞིག་ཏུ་བཅུག་སྟེ་ཤེས་ཡོན་སློབ་སྦྱོང་གང་ལེགས་ཐོབ། སྨན་པ་སན་དྷུག་རུ་ཡི་ཏ་ཕ་བུ་གཉིས་རྡོ་རྗེ་གླིང་གི་སློབ་གྲྭ་དེར་བདུན་ཕྲག་གཉིས་ཀྱི་རིང་རྐང་ཐང་དུ་བསྐྱོད། ཁོ་ཚོ་མཚམས་རེར་ལམ་བར་དུ་བྲག་སྦུག་ཏུ་ཉལ། སྨན་པ་སན་དྷུ་རུ་ཡི་ཏ་ནར་སོན་པའི་རྗེས་སུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུའི་སློབ་གྲྭ་ཞིག་འགྲིམས་ཏེ་གཅུང་མོའི་ལྷན་དུ་ཁང་པ་ཞིག་གི་ནང་དུ་བསྡད་ཀྱང་གཅུང་མོར་གློ་གཅོང་འགོས། སྨན་པ་རུ་ཡི་ཏས་ལོ་མང་རྗེས་སུའང་སྐད་ངག་འདར་ཞོར་དུ་གཅུང་མོ་གློ་གཅོང་གིས་གྲོངས་པ་ནི་ངའི་མི་ཚེའི་ནང་གི་ཆེས་སྐྱོ་གདུང་ཅན་གྱི་དུས་སྐབས་ཤིག་ཡིན་ཞེས་བཀྲལ།།

སྨན་པ་སན་དྷུག་རུ་ཡི་ཏས་མུ་མཐུད་དུ་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། གཅུང་མོ་མ་གྲོངས་གོང་དུ་ལོ་༡༣་ཡིན་པ་དང་ལུས་ཟུངས་ཟད་ནས་འཆི་མདོག་ཐོན་ཡང་ང་ལ་མི་ཚེ་འདིར་མི་ལ་ཕན་ཐོགས་པ་ཞིག་བྱོས་ཟེར་བྱུང་། གཅུང་མིའི་སྐད་ཆ་དེ་ངའི་སེམས་ལ་གཏན་ནས་ཟུག་སྟེ་སྨན་པའི་སློབ་སྦྱོང་བྱས་ནས་མིག་གི་སྨན་པའི་ཆེད་ལས་སུ་ཞུགས་པ་ཡིན། ངས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་མིའི་འཚོ་བར་འགྱུར་བ་གཏོང་ཐུབ་པའི་ཤེས་ཡོན་ཞིག་སྦྱངས་ཐུབ་སོང་ཞེས་བཤད། ད་སྔ་སྨན་པ་སན་དྷུག་རུ་ཡི་ཏས་མི་འབུམ་༡་དང་ཁྲི་ཚོ་༣་ལྷག་གི་མིག་ལ་གཤག་བཅོས་བྱས་ཟིན་ཞིང་། ཕྱི་ལོ་༢༠༣༠་ཐམ་པའི་མཚམས་སུ་མི་འབུམ་༥་ལ་མིག་གི་སྨན་བཅོས་བྱེད་ཐུབ་པའི་དམིགས་ཚད་བཟུང་འདུག ད་ལྟ་སྨན་པ་སན་དྷུག་རུ་ཡི་ཏ་ལོ་ན་༦༨་ལ་སོན་ཡོད་པ་དང་འཛམ་གླིང་ཐོག་ཏུ་མིག་གི་སྐྱ་འགྲིབ་གཤག་བཅོས་ཀྱི་སྨན་པ་སྐད་གྲགས་ཅན་ཞིག་ཏུ་ངོས་འཛིན་ཐོབ་ཡོད་པར་མ་ཟད། ཁོང་ལ་རྒྱལ་སྤྱིའི་ཐོག་ཏུ་གཟེངས་རྟགས་སྣ་མང་ཞིག་ཐོབ།།

One Good Thing Nepal Eye Doctor. Kathmandu, Nepal, March 31, 2021.
One Good Thing Nepal Eye Doctor. Kathmandu, Nepal, March 31, 2021.

གཟའ་མཇུག་གི་སྨན་བཅོས་སྐབས་སུ་རྫོང་གསར་པའི་སློབ་གྲྭ་ཞིག་གི་རྩེད་ཐང་དེར་གུར་ཕུབ་ནས་སྨན་ཁང་དུ་བསྒྱུར། མ་ཡ་ཞེས་པའི་རྒན་མོ་ཞིག་གིས་ང་ཧ་ཅང་སྐྱིད་པོ་འདུག ད་ནས་ངས་འཇིག་རྟེན་འདི་མིག་གིས་མཐོང་ཐུབ་པ་རེད། ཁ་སང་ང་མུན་ནག་ནང་དུ་ལུས་ཡོད་ཀྱང་དེ་རིང་ངས་མིག་གིས་མཐོང་གི་འདུག ད་ནས་ངས་ཁྱིམ་ལས་སྒྲུབ་ཐུབ་པ་དང་རྩྭ་འཐུས་ནས་ཕྱུགས་ཟོག་རྣམས་གསོ་སྐྱོང་བྱེད་ཐུབ་ཅེས་དགའ་བའི་གཏམ་རྣམས་སྨྲས། མ་ཡ་ནི་ཧི་མ་ལ་ཡའི་རི་འདབས་ཀྱི་བྷ་སན་ཏ་པུར་ཞེས་པའི་རི་གྲོང་ཞིག་ནས་ཡིན་པ་དང་གྲོང་རྡལ་དེར་མིག་སྐྱ་འགྲིབ་ཀྱིས་བཀབ་ཡོད་མཁན་༢༠༠་ལྷག་ཡོད་འདུག བལ་ཡུལ་ནི་འཛམ་གླིང་འདིར་མིག་སྐྱ་འགྲིབ་ཀྱིས་བཀབ་སྟེ་ལོང་བར་འགྱུར་གྱི་ཡོད་པ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར། མིའི་མིག་སྐྱ་འགྲིབ་ཀྱིས་འགེབས་ཀྱི་ཡོད་པར་རྒྱུ་རྐྱེན་སྣང་མང་ཞིག་ཡོད་ཀྱང་འབྱོར་མེད་རྒྱལ་ཁབ་ཁག་གི་མི་མང་ལ་ཟས་བཅུད་མ་འདང་བ་དང་འཚོ་བའི་དཀའ་ངལ་ཆེ་བ་སོགས་ཀྱིས་མིག་སྐྱ་འགྲིབ་ཀྱིས་དགབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལོ་ན་༦༦་ལ་སོན་པའི་ཞིང་པ་རུ་ཏ་ར་པྲ་ས་ད་ཞེས་པ་ཞིག་གིས་ངའི་མིག་གཡོན་མས་མ་མཐོང་བས་རྗེས་སུ་ང་ནི་ཤི་བའི་རོ་ལྟར་གྱུར་སོང་། ངས་ས་བོན་དང་རྫས་ལུད། འབུ་སྨན་བཅས་ཀྱི་དབྱེ་བ་མ་ཆོད་པར་ཞིང་ཁའི་ནང་དུ་གང་གདབ་དགོས་པ་མ་ཤེས་པར་དཀའ་ངལ་ཕྲད་མྱོང་། ལོ་ན་རྒས་ནས་མིག་གིས་མ་མཐོང་ན་བཟའ་མིའི་གྲས་སུའང་དགྲ་ལྟར་འགྱུར་གྱི་ཡོད་པའི་ཚོར་བ་ཞིག་མྱོང་གི་འདུག་ཅེས་མིག་གི་རྨས་རས་གྲོལ་བའི་དུས་སུ་གསར་འགོད་པར་གླེང་མོལ་བྱས་འདུག བལ་ཡུལ་གྱི་ཞིང་པ་རྣམས་འཚོ་བ་ཡག་པོ་མེད་པ་དང་མི་དེ་ཁྱིམ་ཚང་གི་འཚོ་བའི་ཡོང་འབབ་འཚོལ་མཁན་གཙོ་བོ་ཡིན་མོད། འོན་ཀྱང་མི་དེའི་མིག་ཟུང་སྐྱ་འགྲིབ་ཀྱིས་བཀབ་ན་ཁྱིམ་ཚང་དེར་ཡོང་འབབ་འཚོལ་མཁན་མེད་པའི་ཐོག་ཏུ་ལོང་བ་དེར་ལྟ་རྟོག་བྱ་དགོས་པའི་རྡོག་ཁྲེས་འཐོལ་པ་ཞིག་འཁུར་དགོས་ཀྱི་འདུག་ཅེས་བཤད། སྨན་པ་སན་དྷུག་རུ་ཡི་ཏས་ནད་པའི་མིག་ལ་གཤག་བཅོས་བྱས་ནས་གསལ་སྣང་སྟེར་ཐུབ་ཀྱི་ཡོད་པ་ཁོ་ན་མིན་པར་མི་དེའི་མི་ཚེ་ཧྲིལ་པོ་དང་ཁྱིམ་ཚང་གི་བཟའ་མི་ཡོངས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG