ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨུ་རུ་སུའི་དམག་སྤྱི་ཞིག་དང་བཀོད་འདོམས་པ་གསུམ་ལ་སྲོག་སྐྱོན། 


༄༅།། ཕྱི་ཟླ་༣་པའི་ཚེས་༧་གྱི་དགོང་མོར་མཉམ་འབྲེལ་གསར་ཁང་གིས་ཡུཀ་རེན་གྱི་གསང་བའི་ལས་ཁང་གི་གནས་ཚུལ་འབྱུང་ཁུངས་ཁག་ལ་གཞི་བཞག་ནས་གསར་འགྱུར་སྤེལ་བ་ལྟར་ན། ཉེ་ཆར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ཨང་གཉིས་པ་ཁར་ཀིབ་ལ་དཔུང་འཇུག་བྱས་པའི་སྐབས་སུ་དམག་སྤྱི་ཝི་ཏ་ལི་གྷེ་ར་སི་མོབ་ཟེར་བ་ཞིག་ལ་སྲོག་སྐྱོན་ཕོག དམག་སྤྱི་གྷེ་ར་སི་མོབ་ནི་༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་གི་འཐབ་འཁྲུག་ལ་ཞུགས། དེ་སྔ་ཆེ་ཆི་ཎི་ཡ་དང་དེ་ནས་སི་རི་ཡའི་དམག་འཁྲུག་ལའང་ཞུགས་མྱོང་ཡོད་པའི་དམག་དཔོན་འཇོན་ཐང་ཅན་ཞིག་ཡིན་འདུག ཨུ་རུ་སུའི་གཞུང་གིས་དམག་སྤྱི་གྷེ་ར་སི་མོབ་ལ་སྲོག་སྐྱོན་ཕོག་ཡོད་མེད་ངེས་གཏན་བྱེད་ཀྱི་མེད་པས་མཉམ་འབྲེལ་གསར་ཁང་གིས་རང་ཐད་དུ་གནས་ཚུལ་འདིར་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག་ཅེས་གསར་འགྱུར་སྤེལ། ཉེ་ཆར་ཨུ་རུ་སུའི་མཁའ་འབབ་དཔུང་སྡེ་ཨང་བདུན་པའི་བཀོད་འདོམས་པ་དམག་སྤྱི་སུ་ཀོབ་ཡེ་སི་ཀི་ཞེས་པའི་དམག་སྤྱི་གཞན་ཞིག་ལའང་ཡུཀ་རེན་གྱི་དམག་འཁྲུག་ཁྲོད་དུ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན། དམག་སྤྱི་སུ་ཀོབ་ཡེ་སི་ཀི་ཡང་སི་རི་ཡའི་དམག་འཁྲུག་ལ་ཞུགས་པའི་ཨུ་རུ་སུའི་དམག་དཔོན་ཉམས་མྱོང་ཅན་ཞིག་ཡིན་འདུག དེ་བཞིན་ཕྱི་ཟླ་༣་པའི་ཚེས་༤་ཉིན་དབྱིན་ཇིའི་སི་ཀ་ཡེ་ནེའུ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ཕྱོགས་སུ་དཔུང་འཇུག་བྱེད་ཀྱི་ཡོད་པའི་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་གསུམ་ཡུཀ་རེན་གྱི་དམག་གིས་བསད། ལམ་ཐག་སྤྱི་ལེ་༤༠་ལྷག་གི་རིང་ཚད་དུ་སྒྲིག་ཡོད་པའི་ཨུ་རུ་སུའི་དཔུང་ཆེན་ཞིག་ཡུཀ་རེན་གྱི་རྒྱལ་སའི་ཕྱོགས་སུ་མདུན་སྐྱོད་བྱེད་མ་ཐུབ་པར་ལམ་ཐོག་ཏུ་འགག་འདུག་ཅེས་གནས་ཚུལ་ཐོན།།

དབྱིན་ཇིའི་དམག་དོན་མི་སྣ་ཚོས་སི་ཀ་ཡེ་ནེའུ་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཨུ་རུ་སུའི་གནམ་དམག་དང་མེ་སྒྱོགས་དཔུང་སྡེས་ཡུཀ་རེན་གྱི་ས་གནས་ཁག་ལ་གནམ་ས་གཉིས་ནས་གཏོར་རྒོལ་བྱས་ཀྱང་ཡུཀ་རེན་གྱི་དམག་གིས་རྒོལ་ལན་དྲག་པོ་སློག་གི་ཡོད་ཅིང་། སྤྱིར་དམག་འཁྲུག་གི་དུས་སུ་དམག་སྤྱི་རྣམས་དང་དམག་དཔུང་བཀོད་འདོམས་པ་ཚོ་མདུན་སར་མ་ཐོན་པར་རྒྱབ་ལོགས་སུ་དམག་དཔུང་ལ་བཀོད་འདོམས་བྱེད་པའམ། ཡང་ན་དམག་སའི་གནས་སྟངས་ལ་གཞིགས་ནས་འཐབ་ཇུས་ལ་འགྱུར་བ་གཏོང་བའི་ལུགས་སྲོལ་ཡོད་པ་རེད། འོན་ཀྱང་ཨུ་རུ་སུའི་དམག་སྤྱི་ཚོ་དང་དམག་དཔུང་བཀོད་འདོམས་པ་ཚོར་སྲོག་སྐྱོན་ཕོག་གི་ཡོད་པར་གཞིགས་ཚེ། ཁོ་ཚོ་དམག་གི་མདུན་སར་བསྐྱོད་དགོས་ཐུག་གི་ཡོད་པ་དང་ཨུ་རུ་སུའི་དམག་གི་དཔུང་འཇུག་ལ་གྲུབ་འབྲས་མ་ཐོན། གོང་རིམ་ནས་བཙན་བཀའ་བཏང་སྟེ་དམག་དཔོན་ཚོས་རང་སྲོག་ལ་མ་འཛེམས་པར་དངོས་སུ་མདུན་སར་བསྐྱོད་དགོས་ཐུག་གི་ཡོད་པའི་རྟགས་མཚན་རེད་ཅེས་བསྟན། ཡུཀ་རེན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱས་ནས་རྒྱལ་ས་ཀིབ་དང་གྲོང་ཁྱེར་མང་དག་ཅིག་ཨུ་རུ་སུའི་དམག་གིས་ལེན་ཐུབ་ཀྱི་མེད་པ་ནི་མངོན་གསལ་ཡིན་ཞིང་། ཨུ་རུ་སུའི་དམག་དཔུང་ལ་རླངས་འཁོར་གྱི་སྣུམ་དང་བཟའ་བཏུང་། དམག་འཁྲུག་ལ་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་སྐྱེལ་འདྲེན་བྱེད་མ་ཐུབ་པར་དམག་དཔུང་ཕོན་ཆེན་ཞིག་ལམ་ཐོག་ཏུ་འགགས་ཏེ་ཡུཀ་རེན་གྱི་དམག་གིས་འཇབ་རྒོལ་བྱས་ནས་རྒོལ་རྡུང་འཕོག་གི་ཡོད་པའི་གནས་ཚུལ་ཐོན། དམག་དོན་ཉམས་ཞིབ་པ་ཚོས་དམག་འཁྲུག་གི་ཡོ་བྱད་རྣམས་སྐྱེལ་འདྲེན་བྱེད་ཐུབ་ཀྱི་མེད་པ་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་གི་གྲ་སྒྲིག་འཐུས་ཚང་ཞིག་བྱས་མེད་པ་དང་ཡུཀ་རེན་ལ་སྣང་ཆུང་བྱས་པའི་རྟགས་མཚན་རེད། ཨུ་རུ་སུའི་སྐམ་དམག་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་པ་དེས་སྤོབས་ཉམས་བསྟན་ནས་དམག་སྦྱོང་བྱས་ཀྱང་སྦྱོང་བརྡར་རྣམས་དངོས་སུ་དམག་སར་ལག་ལེན་བསྟར་ཐུབ་ཀྱི་མེད་པའི་དཔེ་མཚོན་ཡག་པོ་ཞིག་རེད་ཅེས་བཤད།།།

ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༤་དགོང་མོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་སྐབས་དེར་ཡུཀ་རེན་གྱི་རྒྱལ་སྲུང་མ་ལག་རྣམས་རྩ་མེད་གཏོང་ཐུབ་མེད་པར་མ་ཟད། ནུབ་ཕྱོགས་ཀྱི་ཆབ་སྲིད་དང་དམག་གི་འགོ་ཁྲིད་ཚོས་ཚོད་དཔག་བྱས་པ་ལྟར་ཨུ་རུ་སུའི་དམག་གིས་འཐབ་འཁྲུག་རྒྱག་ཐུབ་ཀྱི་མི་འདུག དེའི་རྒྱུ་མཚན་ནི་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་དམག་དང་མི་དམངས་གཉིས་ཀས་སེམས་ཐག་རྦད་བཅས་ཀྱིས་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པས་རེད། ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་ལ་དེང་རབས་ཀྱི་དམག་དོན་ཡོ་བྱད་དང་མཚོན་ཆ་ཡོད་པ་རྣམས་དུས་མཉམ་དུ་བཀོད་སྤྱོད་བྱེད་མ་ཐུབ་པ། ཨུ་རུ་སུའི་སྐམ་དམག་གི་འཐབ་ཇུས་ལ་བལྟས་ན་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པ་དང་སྔོན་དཔག་མ་ཐུབ་པའི་དཀའ་ངལ་གསར་པ་དེ་ཚོར་གདོང་ལེན་བྱེད་དགོས་ཐུག་གི་ཡོད་པའི་རྟགས་མཚན་འདུག་ཅེས་བསྒྲགས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ནི་༡༩༤༥་ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ནས་བཟུང་། ཡུ་རོབ་གླིང་ལ་བྱུང་མྱོང་མེད་པའི་དམག་འཁྲུག་ཅིག་ཏུ་གྱུར། ཨུ་རུ་སུའི་དམག་གི་སྟོབས་ཤུགས་དང་དེང་རབས་ཀྱི་མཚོན་ཆ་སོགས་ལ་རྒྱལ་ཁབ་ཕལ་མོ་ཆེ་སྐྲག་དགོས་པ་ཞིག་ཡིན་མོད། འོན་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པའི་སྐབས་འདིར་ཨུ་རུ་སུའི་དམག་གིས་སྤོབས་ཉམས་བསྟན་ནས་དམག་སྦྱོང་བྱས་པ་ལྟར་འཐབ་འཁྲུག་རྒྱག་ཐུབ་རྒྱུ་ལྟ་ཞོག ཐ་ན་ཡུཀ་རེན་ལྟ་བུའི་དམག་གི་སྟོབས་ཤུགས་ཞན་པའི་རྒྱལ་ཁབ་ཅིག་གིས་ཨུ་རུ་སུའི་དམག་དཔུང་ཕམ་ཉེས་སུ་གཏོང་གི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ།།

ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོས་བཙན་འཛུལ་བྱུང་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༡་ལྷག་བསད་ཡོད་ཅེས་བཤད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་མི་༣༠༠༠་ལྷག་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་སྲོག་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་༤༩༨་ལ་སྲོག་སྐྱོན་དང་དམག་མི་༡༥༩༧་ལ་རྨས་སྐྱོན་ཕོག་སོང་ཞེས་གྲངས་འབོར་མ་འདྲ་བ་ཞིག་བསྒྲགས། ཨུ་རུ་སུ་དམར་ཤོག་འགོ་ཁྲིད་ཟུར་པ་ཁུ་རུ་ཤི་ཆོབ་ཀྱི་ཚ་མོ་ཎི་ན་ཁུ་རུ་ཤི་ཆོབ་ཀྱིས་ཡུཀ་རེན་གྱི་དམག་འཁྲུག་སྐབས་འདིར་ཨུ་རུ་སུའི་དམག་མི་མང་དག་ཅིག་ལ་སྲོག་སྐྱོན་འཕོག་གི་འདུག ཨུ་རུ་སུའི་གཞུང་གིས་དམག་མི་འདས་པོ་རྣམས་ཀྱི་ཕུང་པོ་མེར་སྲེག་བཏང་སྟེ་བཟའ་ཟླ་བུ་ཕྲུག་དང་ཕ་མ་སྤུན་མཆེད་སོགས་ལ་རྩིས་སྤྲོད་བྱེད་ཀྱི་འདུག་ཅེས་གསར་འགོད་པ་ཚོར་བཤད། ཏུར་ཀིས་བཟོ་སྐྲུན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་དང་ཨ་རིའི་མེ་ཤུགས་འཕུར་མདེལ་སོགས་ཀྱིས་ཨུ་རུ་སུའི་དམག་དཔུང་སྐྱེལ་འདྲེན་གྱི་གནམ་གྲུ་དང་དམག་གི་ཐད་འཕུར་གནམ་གྲུ་མང་དག་ཅིག་ལ་ཕུར་མདེལ་བརྒྱབ་ནས་ས་ཐོག་ཏུ་ལྷུང་། ཨུ་རུ་སུའི་དམག་ལ་བཟའ་བཏུང་ཆད་པ་དང་རྒྱགས་ཆས་ཁག་ཅིག་༢༠༠༢་ནས་དུས་ཚོད་ཡོལ་ཟིན་པའི་རྙིང་པ་ཡིན་ཞིང་། ད་དུང་མཚོན་ལྡན་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ་སོགས་ཀྱི་སྣུམ་རྫོགས་ཏེ་ལམ་ཐོག་ཏུ་འདམ་ནང་དུ་ཟུག ཨུ་རུ་སུའི་དམག་གིས་བཀྲེས་ལྟོགས་དང་ངལ་དུབ། འཁྱག་སྡུག་བཅས་པ་མ་བཟོད་པར་དཔའ་ཞུམ་ཏེ་མཚོན་ཆ་བཅག་ནས་འཐབ་འཁྲུག་མ་བརྒྱབ་པར་ཡུཀ་རེན་ལ་མགོ་སྒུར་གྱི་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་གྱི་མི་མང་གིས་ཡུཀ་རེན་གྱི་དམག་མི་ཁག་ཅིག་ལ་བཟའ་བཏུང་ཚ་པོ་བྱིན་ནས་ཕ་མ་སོགས་ལ་ཁ་པར་གཏོང་དུ་བཅུག་པ་དང་ཕ་མ་དེ་ཚོར་བུ་ཕྲུག་ལེན་དུ་ཤོག་ཅེས་བརྡ་གཏོང་གི་ཡོད་པའི་བརྙན་ཐུང་རྣམས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡོངས་སུ་ཁྱབ།།

ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། དམག་དོན་ཉམས་ཞིབ་པ་ཕལ་ཆེ་བས་ཨུ་རུ་སུ་ལ་དམག་མི་འབུམ་༩་ལྷག་ཡོད་པ་དང་ཟུར་འཇོག་དམག་མི་ས་ཡ་༢་ལྷག་འདུག དེ་ནི་ཡུཀ་རེན་གྱི་དམག་དཔུང་ལས་ལྡབ་༨་ཀྱི་མང་བ་ཡིན་པས་མཐའ་མཇུག་ཡུཀ་རེན་གྱི་དམག་གིས་མང་སྣ་ཉུང་གིས་བརྟེན་དཀའ། ཨུ་རུ་སུའི་མཚོ་དམག་སྟོབས་ཤུགས་ཆེ་བ་དང་དེང་རབས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་ཡོད་པས་ཡུཀ་རེན་གྱིས་གླེགས་ཁེལ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་འདུག དེར་བརྟེན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་ལ་ཕམ་ཉེས་འབྱུང་གི་ཡོད་པ་གང་ཐུབ་ཀྱིས་བསྒྲགས་ཏེ་ཡུཀ་རེན་གྱི་དམག་ལ་སྙིང་སྟོབས་སྤར། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ས་ཀིབ་གྲོང་ཁྱེར་དུ་བརྟན་པོར་བཞུགས་ཏེ་ཉིན་ལྟར་རྒྱལ་ཡོངས་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཏམ་བཤད་བྱས་ནས་ཕྱི་ནང་གི་གླེང་ཕྱོགས་བསྒྱུར། ཨུ་རུ་སུའི་དམག་གིས་ཡུཀ་རེན་བདེ་བླག་ཏུ་ཕམ་ཐུབ་ཀྱི་མེད་པ་བཅས་ཀྱིས་སྔོན་ཆད་ཡུ་རོབ་རྒྱལ་ཁབ་མང་དག་ཅིག་ཨུ་རུ་སུའི་སྐམ་དམག་ལ་སྐྲག་གི་ཡོད་པའི་འཇིགས་སྣང་ཡང་ཡལ། དམག་དོན་ཉམས་ཞིབ་པ་ཚོས་མཐའ་མཇུག་ཨུ་རུ་སུའི་དམག་གིས་ཡུཀ་རེན་དབང་དུ་བསྡུ་ཐུབ་སྲིད། ཡིན་ནའང་ཡུཀ་རེན་གྱི་མི་མང་གིས་གྱེན་ལོག་བྱས་ནས་ཨུ་རུ་སུའི་དབང་སྒྱུར་ལ་མགོ་སྒུར་རྒྱུ་ཁག་པོ་རེད། ལྷག་པར་དུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཚོན་ཆ་དང་དམག་དོན་འགྲོ་གྲོན་སོགས་ཀྱི་རོགས་རམ་སྤྲད་ནས་ཨུ་རུ་སུའི་དམག་གིས་ཡུན་རིང་ཡུཀ་རེན་ལ་དབང་སྒྱུར་བྱེད་ཐུབ་རྒྱུ་དཀའ་ངལ་ཆེ། ནམ་ཞིག་ཨུ་རུ་སུ་ལ་དམག་དོན་འགྲོ་གྲོན་མེད་པ་དང་ཡུཀ་རེན་མི་དམངས་ཀྱིས་གྱེན་ལོག་བྱས་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས་ཐུག་གི་རེད་ཅེས་དཔྱད་སྡོམ་བརྒྱབ་འདུག

XS
SM
MD
LG