ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞིས་ཅིན་ཕིང་གིས་ཡུ་གུར་བ་ཚོར་བཙན་གནོན་བྱེད་དགོས་པའི་བཀོད་ཁྱབ།


༄༅།། རྒྱ་ནག་གི་གཞུང་ཡིག་ཤོག་གྲངས་བརྒྱ་ཕྲག་འགའ་ཞིག་ཕྱི་གྱར་བྱུང་ཡོད་པ་དེ་དག་གི་ནང་དུ་འཁོད་པ་ལྟར་ན། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཐད་ཀར་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ལ་དངོས་སུ་བཀོད་འདོམས་བྱས་པ་འཁོད་འདུག ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་དང་དེ་མིན་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིན་ཅང་གི་ཡིག་ཆ་ཞེས་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཤོག་གྲངས་༣༡༧་ཅན་ཞིག་འགྲེམ་སྤེལ་བྱུང་བ་དེ་དག་གི་ནང་དུ་༢༠༡༤་ལོའི་ཕྱི་ཟླ་༤་པའི་ཚེས་༢༨་ཉིན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་བདེ་འཇགས་མཐོ་རིམ་ལས་སྣེ་ཚོར་འཛིན་བཟུང་བྱེད་དགོས་པ་རྣམས་འཛིན་བཟུང་བྱོས། ཁྲིམས་ཐག་གཅོད་དགོས་པ་ཚོར་ཁྲིམས་ཐག་ཆོད། དཀའ་ངལ་རྣམས་སེལ་ཐབས་བྱོས། ཞིན་ཅང་ལ་རྒྱ་མི་རིགས་ཀྱི་གྲངས་མང་དུ་གཏོང་རྒྱུ་ནི་ཞི་བདེའི་འབྱུང་རྩ་ཡིན། ཁྲིམས་ལ་སྦྱོར་དགོས་པ་རྣམས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཁྲིམས་ལ་སྦྱོར། ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་ཁག་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་ཀྱི་ཡོད་པ་འགོག་ཐབས་བྱ་དགོས། ཞིན་ཅང་གི་ཞི་བདེ་བརྟན་ལྷིང་དང་རྒྱ་ནག་རྒྱལ་ཡོངས་ཀྱི་ཞི་བདེ་བརྟན་ལྷིང་གཉིས་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད། ཞིན་ཅང་ལ་དྲག་གནོན་བྱས་ནས་རྒྱ་ནག་གི་སྟོབས་འབྱོར་བསྐྱར་གསོའི་གོ་སྐབས་སྤྲོད་དགོས། ད་ལྟ་ཞིན་ཅང་ལ་དྲག་ཟིང་ལངས་ཡོད་པ་དེ་ལ་བཙན་གཅུན་བྱས་ནས་བཅོས་ཐབས་བྱ་དགོས་པ་དང་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཚོས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་རྒྱུ་དེར་ཡ་ང་དང་ཐེ་ཚོམ་སྤུ་ཙམ་འཛིན་གྱི་མ་རེད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན་འདུག

ཞིན་ཅང་གི་ཡིག་ཆ་དེར་ཞིབ་འཇུག་བྱེད་མཁན་འཇར་མན་པ་ཨེ་ཌི་རེན་ཛན་ཛིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་གཅིག་ཡས་མས་ཤིག་གི་རིང་ལ་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་རེ་ཟུང་ཞིག་བཀག་ཉར་བྱས་ནས་ངལ་རྩོལ་བཙན་བཀོལ། ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བསྐྱར་སྤེལ། ཡུ་གུར་བ་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་པ་དང་ཡུ་གུར་བའི་བུད་མེད་སྟོང་ཕྲག་མང་པོའི་སྐྱེས་སྒོ་རྩ་གཅོད་ཀྱི་སྲིད་ཇུས་དེ་རྣམས་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀྱིས་ཐད་ཀར་བཀོད་འདོམས་བྱས་ནས་ལག་ལེན་བསྟར་དུ་བཅུག་པ་ར་འཕྲོད། ཡིག་ཆ་ཁག་ཅིག་ལ་ཧ་ཅང་གི་གསང་བ་ཡིན་ཞེས་ཟུར་ཐོ་བཀོད་འདུག ཞིས་ཅིན་ཕིང་གི་གཏམ་བཤད་ནང་དུ་ཞིན་ཅང་གི་བདེ་འཇགས་སྲུང་སྐྱོབ་དང་མི་འབོར་བཀག་སྡོམ། ཡུ་གུར་མི་རིགས་ལ་བཙན་གནོན་བྱ་དགོས་པ་སོགས་འཁོད། རྒྱ་ནག་གི་གསང་བའི་གཞུང་ཡིག་དེ་རྣམས་དབྱིན་ཡུལ་དུ་གཞིས་ཚུགས་པའི་ཡུ་གུར་བའི་ཁྲིམས་ཞིབ་ལྷན་ཚོགས་ཞེས་པའི་རང་བཙན་གྱི་ཚོགས་པ་དེར་རག་ནས་འཛམ་གླིང་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད། ཞིས་ཅིན་ཕིང་གི་གཏམ་བཤད་དེས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་ཆེད་དུ་ཞིན་ཅང་གི་ཡུ་གུར་མི་རིགས་རྩ་མེད་གཏོང་རྒྱུ་སོགས་ཡུན་རིང་གི་སྲིད་ཇུས་ཤིག་ལག་ལེན་བསྟར་འདོད་ཡོད་པ་མཚོན་ཐུབ་ཅེས་བསྟན། ཞིན་ཅང་གི་ཡིག་ཆ་དེར་ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་ཇཱེམ་སི་མཱིལ་ཝར་ཌི་དང་ཤེ་ཧྥིལ་ཌི་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཉམས་ཞིབ་འཆད་ཁྲིད་པ་སློབ་དཔོན་ཌེ་ཝྭི་ཌི་ཊོ་བྷིན་གཉིས་ཀྱིས་ཞིབ་འཇུག་བྱས་ཤིང་། ཞིན་ཅང་གི་ཡིག་ཆའི་ནང་དུ་༢༠༡༤་ལོའི་ཕྱི་ཟླ་༤་པ་ནས་༢༠༡༨་ལོའི་ཕྱི་ཟླ་༥་པ་བར་དུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་སོགས་ཀྱིས་གཏམ་བཤད་རྣམས་འདུས།།

ཡུ་གུར་བའི་ཁྲིམས་ཞིབ་ལྷན་ཚོགས་ཀྱིས་ཕྱིར་བསྒྲགས་བྱས་པའི་ཞིན་ཅང་གི་གསང་བའི་གཞུང་ཡིག་དེར་མུ་མཐུད་དུ་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཡུ་གུར་བ་འབུམ་ཕྲག་མང་པོ་བཀག་ཉར་ཁང་དུ་བཅུག་སྟེ་བཙོན་ཁང་རྒྱ་སྐྱེད་དང་བཙོན་ཁང་གསར་དུ་འཛུགས་སྐྲུན་མ་བྱས་གོང་སྟེ། ༢༠༡༦་ལོ་ནས་རྒྱ་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོས་གཏམ་བཤད་བྱས་པ་རྣམས་ཞིན་ཅང་གི་ས་གནས་འགོ་ཁྲིད་ཚོར་བཀྲམ་ནས་སློབ་སྦྱོང་དང་བཀོད་འདོམས་དེ་རྣམས་ལག་ལེན་བསྟར་རྒྱུའི་གྲ་སྒྲིག་བྱེད་དུ་བཅུག་འདུག དཔེར་ན་༢༠༡༤་ལོའི་ཕྱི་ཟླ་༣་པའི་ཚེས་༡་ཉིན་ཡུ་གུར་བ་ཁག་ཅིག་གིས་ཁུན་མིང་གྲོང་ཁྱེར་དུ་མི་ལ་གྲི་བཙུགས་ནས་མི་༣༡་བསད་པ་དང་མི་༡༤༠་ལྷག་ལ་རྨས་སྐྱོན་ཕོག་ནས་བཟུང་། ཞིས་ཅིན་ཕིང་གིས་ཞིན་ཅང་གིས་ཕྱོགས་ཡོངས་ནས་ཟིང་འཁྲུག་བསླངས་ཏེ་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཁྱབ་ཀྱི་འདུག ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ནི་སྟོབས་ཤུགས་ཆེ་བའི་བསམ་བློའི་ཉལ་ཐག་ཅིག་རེད། ཁོ་ཚོ་གློད་གྲོལ་མ་བཏང་བར་བསམ་བློའི་སློབ་གསོ་བསྐྱར་མ་སྤེལ་དགོས་ཞེས་བཀའ་བཏང་སྟེ་ཞིན་ཅང་གི་ས་གནས་གང་སར་མི་ཁྲི་ཚོ་མང་པོ་འགོག་ཉར་བྱ་ཡུལ་བཀག་ཉར་ཁང་འཛུགས་སྐྲུན་བྱས་པར་མ་ཟད། ཡིག་ཆ་གཅིག་གི་ནང་དུ་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཡིས་མི་སུ་སུ་འཛིན་བཟུང་བྱེད་དགོས་པ་དང་མི་སུ་སུ་བཀག་ཉར་ཁང་དུ་སྐྱེལ་དགོས་མིན་ཐག་བཅད། ཁོ་པས་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱ་དགོས་པ་དེར་འགྱུར་བ་གཏོང་མི་ཉན་ཞེས་བཀོད་འདོམས་བྱས་པ་རྣམས་ཡིག་ཐོག་ཏུ་འཁོད།།

ཞིན་ཅིན་ཕིང་གིས་ཡུ་གུར་མི་རིགས་ཀྱི་མི་འབོར་འཕེལ་རྒྱས་འགོག་དགོས་པ་དང་མངའ་ཁུལ་དེར་རྒྱ་མི་རིགས་ཀྱི་གྲངས་འབོར་མང་དུ་གཏོང་དགོས། འདི་ནི་ཡུན་རིང་གི་ཞི་བདེ་བརྟན་ལྷིང་གི་རྨང་གཞི་ཡིན་ཞེས་བཀོད་འདོམས་བྱས་པ་ཕྱིས་སུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ལུང་འདྲེན་བྱས་འདུག ༢༠༢༠་ལོའི་ཕྱི་ཟླ་༧་པར་མངའ་ཁུལ་དེའི་གཞུང་འབྲེལ་མི་སྣ་ཚོས་ཞིན་ཅང་གི་ལྷོ་ཕྱོགས་སུ་རྒྱ་མི་རིགས་ཀྱི་གྲངས་འབོར་ཉུང་དྲགས་འདུག་ཅེས་བཤད། རྒྱ་ནག་གི་ཡིག་ཆ་གཞན་ཁག་ཏུའང་ཞིན་ཅང་གི་ལྷོ་ཕྱོགས་སུ་རྒྱ་ནག་པ་དང་ཡུ་གུར་བ་གཉིས་ལ་མི་རིགས་མང་ཉུང་གི་ཁྱད་པར་ཆེན་པོ་ཡོད་པ་དང་མངའ་ཁུལ་དེ་ཡུ་གུར་བ་གཅིག་པུས་དབང་སྒྱུར་བྱེད་ཀྱི་འདུག ༢༠༢༢་ནས་རྒྱ་ནག་ཤར་ཕྱོགས་ཀྱི་རྒྱ་ནག་པ་༣༠༠༠༠༠་ངེས་པར་དུ་ཞིན་ཆང་གི་ལྷོ་ཕྱོགས་སུ་གཏན་སྡོད་གཞིས་ཆགས་སུ་བཏང་སྟེ་མངའ་ཁུལ་དེར་རྒྱ་མི་རིགས་ཀྱི་གྲངས་འབོར་མང་དུ་གཏོང་དགོས་ཞེས་བཀོད། སྔོན་ཆད་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ཕྲུ་གུ་མང་བ་སྐྱེ་རུ་འཇུག་གི་ཡོད་ཀྱང་ཞིས་ཅིན་ཕིང་གིས་ཡུ་གུར་བ་ཚོར་རྒྱ་མི་རིགས་དང་གཅིག་མཚུངས་ལྟར་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས་ཞེས་ཐག་བཅད་པ་གསལ་ཞིང་། འབུམ་རམས་པ་ཛན་ཛིས་གཟའ་འཁོར་འདིར་གསར་དུ་ཕྱིར་བསྒྲགས་བྱུང་བའི་ཞིན་ཅང་གི་ཡིག་ཆ་ཁག་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་བཀག་ཉར་བྱས་པ་དང་ངལ་རྩོལ་བཙན་བཀོལ། བུད་མེད་ཀྱི་སྐྱེས་སྒོ་རྩ་གཅོད། ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྒྱ་ནག་ཅན་དུ་སྒྱུར་གྱི་ཡོད་པ་དང་ཐལ་སྐྱོད་པར་འགྱུར་བཅོས་ཟེར་བའི་སྲིད་ཇུས་དེ་དག་གི་ཕུགས་སུ་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་སོགས་མཐོ་རིམ་འགོ་ཁྲིད་ཚོ་ཡོད་པ་གསལ་པོ་རེད་ཅེས་བསྟན།།

ཐོག་མར་༢༠༡༩་ལོར་ཞིན་ཅང་གི་ཡིག་ཆ་ཞེས་རྒྱ་གཞུང་གི་གསང་བའི་ཡིག་ཆ་དེ་རྣམས་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཕྱིར་བསྒྲགས་བྱས་ཀྱང་ཞིས་ཅིན་ཕིང་གི་གཏམ་བཤད་དང་ཞིན་ཅང་གི་དྲག་གནོན་ལ་ཞིས་ཅིན་ཕིང་འབྲེལ་བ་ཅི་ཙམ་ཡོད་པ་རྣམས་གསལ་སྟོན་མ་བྱུང་། དེར་བརྟེན་ཕྱི་ཟླ་༡༢་པའི་ཚེས་༡་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མར་ཁོ་རུ་བྷིའོ་ཡིས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གཙོ་འཛིན་ལ་འཕྲིན་ཡིག་བཏང་ནས་ནེའུ་ཡོཀ་དུས་བབ་ཚགས་པར་ཁང་གིས་ཞིན་ཅིན་ཕིང་གི་གཏམ་བཤད་རྣམས་འགྲེམ་སྤེལ་མ་བྱས་པར་གསང་བ་བྱས་དོན་ཅི་ཡིན། མི་ཚོས་རང་གི་ཚེ་སྲོག་བློས་བཏང་ནས་ཡིག་ཆ་ཕྱི་ལ་སྤྲད་ཀྱང་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཡིག་ཆ་ཚང་མ་ཕྱིར་བསྒྲགས་བྱེད་མི་དགོས་པའི་ཐག་གཅོད་སུས་བྱས་པ་རེད། ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཞིས་ཅིན་ཕིང་གི་གཏམ་བཤད་རྣམས་མ་བཀོད་པར་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་ཞེས་བསྒྱུར་བ་དང་ཞིན་ཅང་གི་དྲག་གནོན་གྱི་ལན་ཁག་རྣམས་རྒྱ་ནག་གི་འབྲིང་རིམ་འགོ་ཁྲིད་ཚོར་གཡོགས་དོན་ཅི་ཡིན། ནེའུ་ཡོཀ་དུས་བབ་ཚགས་པར་ལ་ཡིག་ཆ་ཤོག་གྲངས་༤༠༣་འབྱོར་བ་རྣམས་ཕྱིར་བསྒྲགས་བྱེད་ཕྱོགས་སུ་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་གཞུང་གི་འགོ་ཁྲིད་ཚོར་གྲོས་སྡུར་བྱས་ཡོད་དམ། གལ་སྲིད་གྲོས་སྡུར་བྱས་ཡོད་ན་ཞིས་ཅིན་ཕིང་གི་གཏམ་བཤད་ཕྱིར་བསྒྲགས་མི་བྱ་རྒྱུ་དེར་རྒྱ་ནག་གཞུང་དང་ནེའུ་ཡོཀ་དུས་བབ་ཚགས་པར་གཉིས་ཀྱིས་ནང་ཚོང་ཅི་ཞིག་བརྒྱབ་ཡོད། ད་དུང་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཡིག་ཆ་ཤོག་གྲངས་༨༦་ཕྱིར་བསྒྲགས་མ་བྱས་པར་ལྐོག་ཉར་བྱེད་ཡོད་པ་རྣམས་འགྲེམ་སྤེལ་བྱ་འཆར་ཡོད་དམ། སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གྱི་སྲིད་གཞུང་གཉིས་ཀས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་རྣམས་འགྲོ་བ་མི་ལ་འཚེ་རྒོལ་དང་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་རེད་ཅེས་ངོས་འཛིན་བྱས་པར་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་རང་གི་ལངས་ཕྱོགས་ལ་བསྐྱར་ཞིབ་བྱས་ཡོད་དམ་ཞེས་དྲི་བ་ཁག་ལྔ་དྲིས་ནས་ནེའུ་ཡོག་དུས་བབ་ཚགས་པར་སྐྱོན་བརྗོད་བྱས་འདུག

XS
SM
MD
LG