ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་གི་རྩེད་འགྲན་ལ་ངོ་རྒོལ་དང་དོན་དངོས་ཀྱི་གནས་སྟངས།


༄༅།། སྲིད་འཛིན་བྷ་ཌན་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་སྲིད་གཞུང་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་ངོ་རྒོལ་དང་༢༠༢༢་ལོའི་ཕྱི་ཟླ་༢་པར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེའི་སྒོ་འབྱེད་མཛད་སྒོ་སོགས་ལ་གཞུང་འབྲེལ་སྐུ་ཚབ་གཏོང་དགོས་མིན་བསམ་ཞིབ་བྱེད་དགོས་ཀྱི་ཡོད་ཅིང་། གལ་སྲིད་པེ་ཅིང་གི་རྩེད་འགྲན་མཛད་སྒོ་ཁག་ལ་ཨ་རི་སོགས་ཀྱིས་གཞུང་འབྲེལ་སྐུ་ཚབ་བཏང་ནས་མཉམ་ཞུགས་བྱེད་ཚེ། རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཚོར་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་བྱས་པ་ཞིག་མིན་རུང་དེ་ལ་སྣང་མེད་གཏོང་གི་ཡོད་པའི་རྣམ་པ་ཞིག་འཐོན་རྒྱུ་ལྡོག་ཐབས་བྲལ། དེས་ན་སྲིད་འཛིན་བྷ་ཌན་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་གདམ་ཀ་གཅིག་ལས་མེད། དེ་ནི་པེ་ཅིང་གི་རྩེད་འགྲན་མཛད་སྒོ་སོགས་ལ་གཞུང་གི་འགོ་ཁྲིད་ཁག་དང་བློན་ཆེན་རིམ་པའི་སྐུ་ཚབ་གཅིག་ཀྱང་མི་གཏོང་རྒྱུ་ཁོ་ན་ཡིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བོད་པ་དང་ཡུ་གུར་བ། ཧོང་ཀོང་བ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་པེ་ཅིང་གི་རྩེད་འགྲན་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་རྩེད་འགྲན་རུ་ཁག་རྣམས་གཏོང་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་། རྩེད་འགྲན་པ་སྒེར་པ་སོགས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་རྒྱལ་ཁབ་ཁག་གིས་རྩེད་འགྲན་རུ་ཁག་རྣམས་གཏོང་གི་ཡོད་པ་ཕྱིར་འཐེན་བྱེད་ཐུབ་རྒྱུ་ཁག་པོ་རེད། ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ལ་རྒྱལ་སྤྱིའི་རྩེད་འགྲན་ཁག་ཆབ་སྲིད་ཀྱི་གནོན་ཤུགས་ལ་ཁ་ལོ་སྒྱུར་དུ་འཇུག་འདོད་མེད་པའི་ལངས་ཕྱོགས་བཟུང་འདུག་ཅེས་གནས་ཚུལ་སྤེལ།།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དངོས་སུ་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་ཞེས་ལས་འགུལ་སྤེལ་གྱི་མེད་ཀྱང་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་ནས་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་འཕྲོག་གི་ཡོད་པ་ཐེར་འདོན་བྱས་ནས་གླེང་སློང་བྱ་དགོས་ཞེས་བསྟན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་སྲིད་དབང་སྒེར་གཅོད་པ་ཚོར་ཏོག་དབྱིབས་ནད་དུག་ཁྱབ་ཏུ་བཅུག་པའི་ནག་ཉེས་ཆེན་པོ་ཡོད། ཐོག་མར་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྦས་གསང་བྱས་ནས་ངལ་རྩལ་བ་ཚོར་འཆི་སྐྱོན་ཕོག་ཏུ་བཅུག་པ་རེད། དེ་ནས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་འདས་པོ་ཚོའི་བཟའ་ཟླ་བུ་ཕྲུག་དང་གཉེན་ཚན་སོགས་ལ་ལྟ་རྟོག་དང་སུན་གཙེར་བྱས་པ་རེད། རྒྱ་ནག་ནི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མགྲོན་བདག་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཁག་གི་གྲས་ཀྱི་འགྲོ་བ་མི་ལ་འཚེ་རྒོལ་བྱས་པའི་ནག་ཉེས་ཡོད་པའི་རྒྱལ་ཁབ་འབའ་ཞིག་དེ་ཡིན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་པར་རྒྱབ་སྐྱོར་ཡོད་ཅེས་བསྒྲགས། ཨ་རིའི་གྲོས་ཚོགས་ཀྱིས་པེ་ཅིང་གི་རྩེད་འགྲན་ལ་གཞུང་གི་སྐུ་ཚབ་གཏོང་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པར་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཕྱི་འབྲེལ་མི་སྣ་ཚོ་པེ་ཅིང་གི་རྩེད་འགྲན་གྱི་དགའ་སྟོན་སོགས་ལ་མཉམ་ཞུགས་བྱེད་མི་ཆོག་ཅེས་ལག་བསྟར་བྱེད་མི་དགོས་པའི་གྲོས་ཆོད་ཅིག་བཞག ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ་གཉིས་ཀས་ཨ་རི་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཟེར། ལུ་ཐུ་ཝྭེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཡུ་རོབ་མཉམ་འབྲེལ་དང་དམངས་གཙོའི་རྒྱལ་ཁབ་ཁག་གིས་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་འཛིན་དགོས་ཞེས་ནན་སྐུལ་བྱས་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་བཀོད་པ་ལྟར་ན། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱིས་ས་གནས་གང་དུ་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་དགོས་མིན་སོགས་ལ་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་རྩེད་འགྲན་དང་མགྲོན་བདག་རྒྱལ་ཁབ་ཀྱི་འཛིན་སྐྱོང་ལམ་ལུགས་གཉིས་འབྲེལ་བ་མཐུད་ཀྱི་མེད་པ་སྟེ། ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་གཙོ་འཛིན་གཞོན་པ་བྷེ་ཁེས་ཨོ་ལིམ་ཕིཀ་རྩེད་འགྲན་ནི་ཆབ་སྲིད་ལ་འབྲེལ་བ་མེད། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་གཞུང་འབྲེ་མིན་པའི་སྒྲིག་འཛུགས་ཤིག་ཡིན། སྒྲིག་འཛུགས་འདིས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐོག་ཏུ་བཏང་སྙོམས་ཀྱི་ལངས་ཕྱོགས་འཛིན་གྱི་ཡོད་ཅེས་བཤད། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱི་ལས་སྣེ་གཞན་ཚོས་ཆབ་སྲིད་ཀྱི་གནད་དོན་ལ་འབྲེལ་བ་མཐུད་ན་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་མི་ཐུབ་པར་རྩ་བརླག་འགྲོ་ངེས་རེད། ང་ཚོས་དབུ་མའི་ལམ་ཞིག་བཙལ་ནས་རྒྱལ་སྤྱིའི་རྩེད་འགྲན་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད། རྒྱ་ནག་གི་ས་ཐོག་ཏུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་ཀྱང་རྒྱ་ནག་གི་སྤྱོད་པར་འགྱུར་བ་ཐེབས་ཀྱི་མ་རེད་ཅེས་ངོ་རྒོལ་ལས་འགུལ་བ་ཚོའི་སྐྱོན་བརྗོད་དང་འབོད་སྐུལ་ཁག་ལ་ལན་འདེབས་བྱས་འདུག རྒྱལ་སྤྱིའི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གིས་ཨོ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ནས་ཨོ་ལིམ་ཕིཀ་རྩེད་འགྲན་ལ་སྦྱིན་བདག་བྱས་པ་དང་སོ་སོའི་དངོས་ཟོག་རྣམས་ཁྱབ་བསྒྲགས། ཁོ་ཚོས་འགྲོ་གྲོན་གཏོང་གི་ཡོད་པའི་དངུལ་སྒོར་རྣམས་མགྲོན་བདག་རྒྱལ་ཁབ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་གཉིས་ཀར་འཐོབ་ཀྱི་ཡོད་པས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་དངུལ་སྒོར་གྱི་ཁེ་ཕན་བློས་གཏོང་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཆབ་སྲིད་ལ་འབྲེལ་བ་མེད་པ་དང་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱས་མྱོང་མེད་པ་ཞིག་མིན་ཞིང་། ༡༩༣༦་ལོར་འཇར་མན་ན་ཛིའི་གཞུང་གིས་རྒྱལ་སྤྱིའི་དབྱར་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མགྲོན་བདག་བྱས་ནས་རྒྱལ་ཁབ་དེའི་སྟོབས་འབྱོར་ངོམ་པ་དང་ལོ་གཉིས་ཀྱི་རྗེས་སུ་འཛམ་གླིང་དམག་ཆེན་གཉིས་པ་བསླངས། ༡༩༧༢་ལོར་པ་ལི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཁག་ཅིག་གིས་ཨོ་ལིམ་ཕིཀ་གྲོང་ཚོའི་ནང་དུ་འཇབ་རྒོལ་བྱས་ནས་ཨི་སི་རལ་གྱི་རྩེད་འགྲན་པ་༡༡་དང་ནུབ་འཇར་མན་ཎིའི་ཉེན་རྟོག་པ་ཞིག་བཅས་མི་༡༢་བསད། ༡༩༨༠་ཐམ་པའི་ལོར་ཨུ་རུ་སུ་དམར་ཤོག་དུས་སུ་མོ་སི་ཀོར་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པར་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་མཉམ་ཞུགས་མ་བྱས། ༡༩༨༤་ལོར་ཨ་རིའི་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་དུ་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པ་དེར་ཨུ་རུ་སུ་དམར་ཤོག་དང་དེའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་མཉམ་ཞུགས་མ་བྱས་ཤིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་༡༩༣༦་ལོར་འཇར་མན་ན་ཛིའི་གཞུང་གིས་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མགྲོན་བདག་བྱས་པའི་རྗེས་སུ་ཧི་ཐེ་ལིའི་གཞུང་གིས་འཇིའུ་མི་རིགས་ས་ཡ་༧་ལྷག་རྩ་མེད་བཏང་བ་རེད། ད་ལྟ་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་བ་ཚོར་དྲག་གནོན་དང་འཛིན་བཟུང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་སྣུབ་ཀྱི་ཡོད་པ་ནི་ཧི་ཐེ་ལེས་འཇིའུ་མི་རིགས་རྩ་མེད་བཏང་བ་དང་གཅིག་མཚུངས་རེད། བྷར་ལིན་གྱི་ཨོ་ལིམ་ཕིཀ་རྩེད་འགྲན་རྗེས་སུ་བྱུང་བའི་ལོ་རྒྱུས་ཀྱི་ཆག་སྒོ་ཆེན་པོ་དེ་མི་ཚོས་བརྗེད་མེད། ཧི་ཐེ་ལེའི་ན་ཛིའི་གཞུང་གིས་འཇིའུ་མི་རིགས་རྩ་མེད་བཏང་བའི་སྲིད་ཇུས་དེ་རྒྱ་ནག་གིས་བསྐྱར་ཟློས་བྱས་ནས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ་སོགས་རྩ་མེད་གཏོང་གི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་སྲིད་འཛིན་བྷ་ཌན་གྱིས་ཕོ་བྲང་དཀར་པོར་ཁེ་ན་ཌའི་སྲིད་བློན་ལ་ཐུག་འཕྲད་བྱས་ནས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་པེ་ཅིང་གི་རྩེད་འགྲན་མཛད་སྒོ་སོགས་ལ་གཞུང་འབྲེལ་སྐུ་ཚབ་གཏོང་རྒྱུ་ཕྱིར་འཐེན་བྱེད་དགོས་མིན་གྲོས་སྡུར་བྱས་འདུག སྲིད་འཛིན་བྷ་ཌན་གྱིས་གསར་འགོད་པའི་དྲི་བ་ཞིག་ལ་ང་ཚོས་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིན་འཐེན་བྱེད་དགོས་ཟེར་གྱི་ཡོད་པ་ནི་མཛད་སྒོ་ཁག་ལ་གཞུང་འབྲེལ་སྐུ་ཚབ་གཏོང་དགོས་མིན་གྱི་སྐད་ཆ་ཞིག་ཡིན། ཨ་མི་རི་ཀའི་རྩེད་འགྲན་རུ་ཁག་པེ་ཅིང་གི་རྩེད་འགྲན་ལ་ཞུགས་ནས་སྔར་བཞིན་འགྲན་སྡུར་བྱེད་ཀྱི་རེད་ཅེས་ལན་བཏབ། སྲིད་འཛིབ་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་དྲྭ་ལམ་དུ་ཐུག་འཕྲད་བྱས་ནས་བདུན་ཕྲག་གཅིག་ཡས་མས་ཤིག་གི་རྗེས་སུ་སྐད་ཆ་དེ་བཤད། ཁོང་གིས་ཞིས་ཅིན་ཕིང་ལ་བོད་དོན་དང་ཞིན་ཅང་གི་གནད་དོན། ཧོང་ཀོང་སོགས་ལ་ཨ་རིའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པའི་གླེང་སློང་ནན་པོ་གནང་སོང་ཞེས་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་སྤེལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་༡༨༠་ལྷག་དང་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས། ཨ་རིའི་ལག་གྲུག་རྩེད་མོ་བ་ཨེ་ནེ་སི་ཁན་ཊར་སོགས་རྩེད་འགྲན་པ་སྒེར་པ་ཚོས་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིམ་རྩེད་འགྲན་འདིར་མགྲོན་བདག་བྱེད་ཆོག་པའི་འོས་བབ་མི་འདུག འཛམ་གླིང་རྒྱལ་ཁབ་ཁག་གི་རྩེད་འགྲན་རུ་ཁག་རྣམས་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་པའམ། ཡང་ན་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་རྒྱལ་ཁབ་གཞན་ཞིག་ལ་འཚོགས་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

XS
SM
MD
LG