ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིའི་ཚོགས་འདུ་སྐབས་གསུམ་པ་འགོ་འཛུགས།


ལོ་ངོ་བཅུའི་གོང་དུ་རྒྱ་ནག་གཞུང་གིས་ཐོག་མར་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞི་དེ་འདོན་སྐབས། ཡུ་རོབ་ནུབ་མ་དང་ཕན་ཚུན་མཐུད་ཐུབ་པའི་གཞི་རྩའི་རྨང་གཞིའི་འཛུགས་སྐྲུན་ཐད་མ་དངུལ་འབོར་ཆེན་གཏང་རྒྱུ་ཡིན་ལུགས་དྲིལ་བསྒྲགས་ཚད་ལས་བརྒལ་བ་བྱས་ཐོག། དབྱིན་ཇིའི་ནོར་སྲིད་བློན་ཆེན་གྱིས་ལས་གཞི་དེར་འབྱོར་ཕྱུག་འཕེལ་བའི་རྟགས་མཚན་ཡོད་ལུགས་སོགས་བརྗོད་རྐྱེན་འཛམ་གླིང་ནང་སྦིར་གྲགས་ཇི་ཆེ་བྱུང་ཡོད་ཀྱང་། ད་ཆ་ལོ་༡༠ ཕྱིན་པའི་རྗེས་སུ་ཟླ་བ་༡༠ པའི་ཚེས་༡༧ ཉིན་ལ་སྐོང་འཚོགས་བྱེད་བཞིན་ཡོད་པའི་རྒྱུད་གཅིག་ལམ་གཅིག་གི་ལྷན་ཚོགས་སྐབས་གསུམ་པའི་ཐོག། ཡུ་རོབ་མནའ་འབྲེལ་གྱི་ཆེས་མཐོའི་འགོ་ཁྲིད་ཧང་གྷ་རིའི་མི་རིགས་རིང་ལུགས་པ་ཝི་ཁེ་ཐོར་ཨོར་བྷན་ Viktor Orban དང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ Vladimir Putin དང་། ཨ་ཧྥུ་གྷན་ནི་སི་ཐན་ནང་གི་ཏ་ལི་པན་གྱི་བློན་ཆེན་སོགས་མཉམ་དུ་སྐུ་མགྲོན་གཙོ་བོར་ཕེབས་ཀྱི་ཡོད་པ་དང་། རྒྱལ་ཁབ་༡༤༠ ལྷག་ནས་སྐུ་ཚབ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག།

བདུན་ཕྲག་གོང་མའི་ནང་རྒྱ་ནག་གཞུང་གིས་བཏོན་པའི་དེབ་རྒྱབ་ཤ་དཀར་པོ་ཞེས་པ་ལས་བརྗོད་དོན་ལྟར་ན། རྒྱུད་གཅིག་ལམ་གཅིག་ཅེས་པའི་ལམ་ཐིག་འཁེལ་ཡུལ་རྒྱལ་ཁབ་ཁག་ལ་ལོ་ངོ་བཅུའི་རིང་ཨ་སྒོར་ཐེར་འབུམ་ཉིས་སྟོང་ཐམ་པ་བཏང་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས། ད་ཆ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པ་དང་། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པ། ཨི་སི་རེལ་དང་ཧ་མ་སིའི་དབར་འགལ་ཟླ་ཇེ་ཆེར་ཕྱིན་པ་བཅས་དང་བསྟུན་ནས་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞི་ལ་འཕྲད་བཞིན་པའི་དཀའ་ངལ་ནི་གོ་སྐབས་ལས་མང་བ་ཆགས་ཡོད་པ་རེད་ཅེས་བརྗོད་འདུག།

སིངྒ་ལའི་སྲིད་འཛིན་ཝེ་ཁེ་རེ་མེ་སིན་Wickremesinghལགས་དང་། སེར་བྷི་ཡ་ Serbianརྒྱལ་ཁབ་ཀྱི་སྲིད་འཛིན་ཝུ་སི་ཁེ་Vucic ལགས་དང་། ཨིན་རྡུ་ནེ་ཞི་ཡའི་སྲིད་འཛིན་ཇོ་ཁོ་Joko ལགས་སོགས་ཟླ་བ་༡༠ པའི་ཚེས་༡༦ ཉིན་སྔ་རྗེས་སུ་པེ་ཅིང་ལ་བདེ་འབྱོར་གྱིས། ཚེས་༡༧ ཉིན་གྱི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུ་སྐབས་གསུམ་པར་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། རྒྱལ་ཁབ་༡༤༠ ལྷག་གི་སྐུ་ཚབ་ཁོངས་ནས་འཛམ་གླིང་གི་དོ་སྣང་ཆེ་ཤོས་དེ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཡོང་གི་ཡོད་ཅིང་། ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་ཚེས་༡༦ ནས་༡༨ བར་དངོས་སུ་པེ་ཅིང་དུ་འཚམས་འདྲིར་ཕེབས་ཡོད་པར་མ་ཟད་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། དེ་ནི་ཁོང་ལ་ད་ལོའི་སྤྱི་ཟླ་༣ པའི་ནང་རྒྱལ་སྤྱིའི་ཁྲིམས་ཁང་གིས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པའི་ཉེས་འཛུགས་འོག་འཇུ་བཟུང་བཀའ་རྒྱ་བཏང་རྗེས་རྒྱལ་ཁབ་གཞན་དུ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་རེད།

ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་།
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་།

སྲིད་འཛིན་ཕུ་ཊིན་གྱིས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཞིག་གི་བཅར་འདྲི་དང་ལེན་གནང་སྐབས། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་ཧ་ཅང་ཡག་པོ་ཡིན་ཚུལ་དང་། འཆར་གཞི་ཇུས་འགོད་ཡང་དག་པ་ཡིན་ལུགས་གསུངས་ཡོད་པར་མ་ཟད། ཁོང་གིས་ད་དུང་གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་ལས་གཞི་དེ་བཞིན་རྒྱ་ནག་གིས་རྒྱལ་ཁབ་གཞན་པ་དབང་དུ་བསྡུ་ཐབས་ཤིག་རེད་ཟེར་བ་སོགས་ནི་བདེན་པ་མ་རེད་ཅེས་གསུངས་ཡོད་ཅིང་། ཁོང་གི་གསུང་སྟངས་དེ་ནི་རྒྱ་ནག་དམར་ཤོག་གཞུང་གིས་ནམ་ཞག་རྒྱུན་ལྡན་དུ་བརྗོད་བཞིན་པའི་སྐད་ཆ་དང་གཅིག་མཚུངས་ཆགས་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་གླེང་སྟེགས་དེ་ནི་རྒྱ་ནག་གིས་ད་ལོའི་ལོ་མཇུག་ཏུ་གཙོ་སྐྱོང་བྱས་པའི་ཕྱི་སྲིད་ཀྱི་ཚོགས་འདུ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་དང་། ཚོགས་འདུར་ཕེབས་མཁན་སྐུ་མགྲོན་སུ་ཡོད་ཀྱི་མཚན་ཐོ་ལ་ཕྱི་ལོགས་ནས་དོ་སྣང་ཆེན་པོ་ཡོང་གི་ཡོད་ཅིང་། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཕྱི་སྲིད་དཔོན་པོ་ཞེས་པའི་དུས་དེབ་ལས་ཚེས་༡༢ ཉིན་ལ་དཔྱད་བརྗོད་ཅིག་སྤེལ་ཡོད་པ་ལས་གསལ་བ་ལྟར་ན། སྐུ་མགྲོན་མཚན་ཐོ་ནང་རྒྱལ་ཁབ་༡༣༠ ལྷག་ཙམ་ལོངས་འདུག་ཀྱང་སྐུ་མགྲོན་གྱི་ཁོངས་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པའི་སྣེ་ཡོད་མི་སྣ་སུ་ཡོད་གསལ་པོ་མི་འདུག་ཅེས་འཁོད་འདུག། ༢༠༡༩ ལོའི་ཚོགས་འདུ་སྐབས་གཉིས་པའི་ཐོག་རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པའི་སྣེ་ཡོད་མི་སྣ་༣༧ མཉམ་ཞུགས་གནང་མཁན་བྱུང་ཡོད་ཀྱང་། ༢༠༡༩ ལོ་ནས་བཟུང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མཚན་སྙན་ཇེ་སྡུག་ཏུ་ཕྱིན་ཡོད་པའི་རྐྱེན་གྱིས་ད་ལོའི་ཚོགས་འདུར་སྐབས་དེ་དུས་ལས་མང་བའི་སྣེ་ཡོད་སྐུ་མགྲོན་ཕེབས་རྒྱུ་དེ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད།

ཨ་མེ་རི་ཀའི་མཱ་རི་ལན་ཌིའི་Maryland མངའ་སྡེའི་ནང་རྟེན་གཞི་བྱས་ཡོད་པའི་བརྡ་འཕྲིན་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ལི་ཧེན་ཆིང་李恒青ལགས་ཀྱིས་རྒྱལ་སྤྱིའི་ནང་ས་ཁམས་ཆབ་སྲིད་བརྟན་པོ་མེད་པའི་གནས་སྟངས་འོག་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་ཅེས་པའི་ལས་གཞིར་བརྟེན་ནས། དེའི་རྒྱ་རྒྱུད་ཀྱི་རྒྱལ་ཁབ་ཚང་མ་ཕྱོགས་གཅིག་ཏུ་སྒྲིལ་ཐབས་ཀྱི་བསམ་བློ་བཏང་བ་དེ་ནི་སྟོང་བསམ་འབའ་ཞིག་རེད་ཅེས་གསུངས་འདུག།

གོང་འཁོད་རྩོམ་ཡིག་གི་ནང་དོན་དང་དེ་དོན་མདོ་འཛིན་པ་ལྷན་དུ་གླེང་མོལ་ཞུས་པ་འདིར་གསན་ཐུབ།

XS
SM
MD
LG