ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་སྲིད་འཛིན་འོས་འདེམས་དང་གྲུབ་འབྲས་ཀྱི་འཕེལ་རིམ།


༄༅།། ད་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་གནད་འགག་ཤིན་ཏུ་ཆེ་བའི་ཝི་སི་ཀོན་སན་མངའ་སྡེའི་འོས་ཤོག་བརྒྱ་ཆ་༩༩་ལྷག་གྲངས་ཀ་བརྒྱབ་ཚར་ཡོད་པས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་འོས་ཤོག་༢༠༠༠༠་ལྷག་མང་བ་ཐོབ་སྟེ་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༡༠་ཇཱོ་བྷ་ཌན་ལ་ཐོབ་འདུག སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གིས་མངའ་སྡེ་དེའི་འོས་ཤོག་ཐོབ་ཤོར་གྱི་ཁྱད་པར་ཆེན་པོ་མེད་པས་འོས་ཤོག་ཚང་མ་བསྐྱར་དུ་གྲངས་བཤེར་བྱ་དགོས་པའི་རེ་སྐུལ་ཞུས། ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་འགན་འཛིན་བྷིལ་སི་ཊེ་ཕེན་གྱིས་ཝི་སི་ཀོན་སན་མངའ་སྡེའི་འོས་ཤོག་མང་ཉུང་གི་ཁྱད་པར་ཧ་ཅང་ཉུང་ཉུང་ཞིག་རེད། མངའ་སྡེ་དེའི་རྫོང་སྡེ་ཁག་ཏུ་འོས་ཤོག་འཕངས་པ་རྣམས་དྲང་སྙོམས་ཡིན་མིན་དང་འོས་ཤོག་རྫུན་མ་ཡིན་མིན། མི་གཅིག་གིས་འོས་ཤོག་གཉིས་རེ་འཕངས་ཡོད་པ་སོགས་ཀྱི་རྩོད་གཞི་ཁག་ཅིག་འབྱུང་གི་འདུག་པས་འོས་འདེམས་ཀྱི་གྲུབ་འབྲས་དེར་དང་ལེན་བྱ་ཐུབ་རྒྱུ་ཁག་པོ་རེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་ཤོག་བསྐྱར་དུ་གྲངས་བཤེར་བྱ་དགོས་ཞེས་རེ་སྐུལ་ཞུ་ཆོག་པས་ང་ཚོས་འཕྲལ་དུ་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

གཟའ་ལྷག་པའི་སྔ་དྲོར་ཝི་སི་ཀོན་སན་མངའ་སྡེའི་འོས་བསྡུ་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་ང་ཚོའི་གྲོང་རྡལ་ཆུང་ཆུང་ཞིག་གི་མི་གྲངས་༣༠༠་ཡས་མས་ཤིག་གི་འོས་ཤོག་མ་གཏོགས་འོས་ཤོག་ཚང་མ་གྲངས་ཀ་བརྒྱབ་ཟིན་པ་ཡིན། ང་ཚོའི་གྲོང་རྡལ་རིམ་པ་དང་རྫོང་རིམ་པ། གྲོང་ཁྱེར་རིམ་པའི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱས་ནས་ཕྱི་ཟླ་༡༢་པའི་ཚེས་༡་ཉིན་བར་དུ་ཝི་སི་ཀོན་སན་མངའ་སྡེའི་ཁྲིམས་ལུགས་ལྟར་གཞུང་འབྲེལ་གྱིས་ངེས་གཏན་བྱེད་ཀྱི་མེད། རྫོང་ཁག་ཚང་མས་རང་རང་གི་མངའ་ཁུལ་གྱི་འོས་ཤོག་གྲངས་ཀ་རྣམས་དྲྭ་ལམ་དུ་བཀོད་ཡོད་པས་ཉམས་ཞིབ་པ་དང་གསར་འགོད་པ། སྲིད་འཛིན་འོས་མི་གཉིས་ཀྱི་འོས་འདེམས་ལས་འགུལ་ཁང་གི་ལས་སྣེ་སོགས་སྤྱི་དམངས་སུ་ཞིག་ཡིན་རུང་བལྟ་ཆོག ད་ལོའི་འོས་འདེམས་སྐབས་སུ་ཝེ་སི་ཀོན་སན་མངའ་སྡེའི་མི་མང་ས་༣་དང་འབུམ་༣་ལྷག་གིས་འོས་ཤོག་འཕངས་འདུག་ཅེས་བཤད། ཇཱོ་བྷ་ཌན་ལ་མངའ་སྡེའི་འོས་ཤོག་བརྒྱ་ཆ་༤༩་དང་གྲངས་ཆུང་༥་ཐོབ་ཡོད་པ་དང་སྲིད་འཛིན་ཌོ་ནལ་ཊམ་ལ་མངའ་སྡེའི་འོས་ཤོག་བརྒྱ་ཆ་༤༨་དང་གྲངས་ཆུང་༨་ཐོབ། ༢༠༡༦་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་ལ་མངའ་སྡེ་དེའི་འོས་ཤོག་༢༠༠༠༠་ཡས་མས་ཤིག་མང་བ་ཐོབ་སྟེ་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་རྣམས་ཐོབ། དེ་རིང་ཕྱི་ཚེས་༤་ཉིན་གྱི་ཕྱི་དྲོར་ཨ་རིའི་མཱི་ཆི་གྷན་མངའ་སྡེར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༡༦་ཡོད་པ་རྣམས་ཀྱང་ཇཱོ་བྷ་ཌན་ལ་ཐོབ་འདུག

གསར་འགྱུར་འདི་རྩོམ་སྒྲིག་བྱེད་པའི་དུས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༥༣་དང་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་༢༡༣་ཐོབ། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་རིའི་རྒྱལ་ཡོངས་སུ་འོས་འདེམས་འཐུས་ཚོགས་ལ་གདན་གྲངས་༥༣༨་ཡོད་པ་སྟེ། མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་ཅི་ཙམ་ཡོད་པ་དེའི་ཚད་མཉམ་ཀྱི་གདན་གྲངས་དང་། དེའི་ཐོག་ཏུ་མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་གཉིས་རེ་ཡོད་པ་དེའི་ཚད་མཉམ་གྱི་གདན་གྲངས། རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་ལ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༣་གྱི་གདན་གྲངས་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༥༣༨་ཡོད་ཅིང་། འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོས་བསྐོ་བཞག་བྱ་དགོས། མངའ་སྡེ་མང་ཤོས་སུ་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་མངའ་སྡེ་གཅིག་གི་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་ན་འོས་མི་དེར་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ཆ་ཚང་འཐོབ་དགོས་པར་མ་ཟད། ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་ལམ་ལུགས་ཤིག་དར་ཡོད་པས་རྒྱལ་ཡོངས་སུ་མི་དམངས་ཀྱི་འོས་ཤོག་གྲངས་མང་ཐོབ་ཀྱང་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་མ་ཐོབ་ན་འོས་མི་དེ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་འབྱུང་དཀའ། འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་སྟབས་ཀྱིས་འོས་མི་གཉིས་ཀ་ཨ་རིའི་མངའ་སྡེ་ཚང་མར་བསྐྱོད་ནས་རང་ལ་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་ཐུབ་པའི་འབད་བརྩོན་བྱས་ནས་ལས་འགུལ་སྤེལ་དགོས་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་འོས་འདེམས་ལས་འགུལ་ཁང་གི་ལས་སྣེ་ཚོར་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་གྲངས་བཤེར་དང་ཤོག་སྒམ་ཁ་འབྱེད་སྟངས་སོགས་ལ་རྟོག་ཞིབ་བྱེད་དུ་བཅུག་མ་སོང་། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཁྲིམས་གཏུག་བྱ་རྒྱུའི་སྡིགས་ར་བསྐུལ། འོན་ཀྱང་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཚོས་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པར་མ་ཟད། དམངས་གཙོ་ཚོགས་པའི་རྟོག་ཞིབ་པ་རེ་དང་སྤྱི་མཐུན་ཚོགས་པའི་རྟོག་ཞིབ་པ་རེ་མཉམ་དུ་བཞག་ནས་འོས་ཤོག་རེ་རེ་བཞིན་ལྟ་ཡི་ཡོད། གལ་སྲིད་རྟོག་ཞིབ་པ་གཉིས་ཀྱི་གཅིག་ལ་འོས་ཤོག་དོགས་པ་ཅན་ཞིག་རྙེད་ན་དར་ཆ་དམར་པོ་ཞིག་འཕྱར་ནས་ཁྲིམས་དོན་མི་སྣ་གསུམ་པ་ཞིག་ལ་འོས་ཤོག་དེ་བསྟན་ནས་རྩིས་མེད་དང་རྩིས་ཡོད་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱེད་དུ་འཇུག་གི་ཡོད། དེར་བརྟེན་པེན་སིལ་ཝྭེ་ཎི་ཡའི་འོས་ཤོག་གྲངས་བཤེར་དྲང་སྙོམས་མ་བྱུང་བ་གཅིག་ཀྱང་མེད་ཅེས་དགག་པ་བརྒྱབ། མདང་དགོང་སྲིད་འཛིན་ཌོ་ནལ་ཊམ་གྱིས་མངའ་སྡེ་མང་དག་ཅིག་གི་འོས་ཤོག་གྲངས་བཤེར་བརྒྱབ་མ་ཚར་གོང་དུ་རང་ལ་རྒྱལ་ཁ་ཐོབ་སོང་ཞེས་ཁྱབ་བསྒྲགས་བྱས་པར་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་མོས་མཐུན་མེད་པའམ། ཡང་ན་ལྐོག་ཏུ་སྲིད་འཛིན་གྱི་གཏམ་བཤད་དེར་ངོ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་ཐོན་འདུག དཔེར་ན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གི་འགོ་ཁྲིད་མཱི་ཆི་མ་ཁ་ནོས་ང་ལ་རྒྱལ་ཁ་ཐོབ་སོང་ཞེས་སྒྲོགས་ཀྱི་ཡོད་པ་དང་འོས་ཤོག་ཚང་མ་གྲངས་བཤེར་བྱེད་དུ་འཇུག་དགོས་པ་གཉིས་གནས་ཚུལ་ཐ་དད་རེད། གལ་སྲིད་ཕྱོགས་ཁག་གཉིས་ཀས་ཁྲིམས་རྩོད་པ་གླས་ནས་ཁྲིམས་ཁང་ལ་གཏུགས་ནས་རྩོད་པ་བརྒྱབ་ན་དེ་ལ་ཧང་སང་དགོས་པ་ཞིག་མིན། ཁྲིམས་ཁང་གིས་རྩོད་གཞི་དེ་ཚོར་ཐག་གཅོད་བྱ་རྒྱུ་དང་འདི་ནི་རྒྱལ་ཁབ་འདིའི་ལས་དོན་སྒྲུབ་པའི་ལམ་སྲོལ་རེད་ཅེས་ཁྲིམས་ཁང་ལ་ཕྱོགས་གཉིས་ཀས་གཏུག་ཆོག་པའི་གོ་རྒྱུ་བཏང་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལ་གཡོ་ཁྲམ་ཆེན་པོ་བྱས་སོང་ཞེས་སྐྱོན་འཛུགས་བྱས་ཀྱང་དེ་ལ་ཁུངས་སྐྱེལ་བྱེད་ཐུབ་མེད་ཅིང་། ཇཱོ་བྷ་ཌན་གྱི་འོས་འདེམས་ལས་འགུལ་ཁང་གི་འགན་འཛིན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྡིགས་ར་བསྐུལ་པ་ལྟར་ཁྲིམས་ཁང་ལ་གཏུགས་ན་ང་ཚོས་ཀྱང་ཁྲིམས་རྩོད་པ་གྲ་སྒྲིག་བྱས་ནས་ཁྲིམས་གཏུག་བྱེད་ཆོག་པའི་གྲ་སྒྲིག་ཡོད་ཅེས་ལན་འདེབས་བྱས་འདུག

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས། ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཛ་དྲག་གི་དུས་སྐབས་ཤིག་ཡིན་རུང་མི་མང་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་གིས་འོས་ཤོག་འཕངས་ནས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པར་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ད་ལྟའི་འོས་ཤོག་མང་ཉུང་གི་ཁྱད་པར་ལ་བལྟས་ན་ང་དང་ཀ་མ་ལ་ཧེ་རི་སི་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་པའི་རྟགས་མཚན་གསལ་པོ་འདུག ཡིན་ནའང་ང་ཚོས་རང་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སོང་ཞེས་ཁྱབ་བསྒྲགས་བྱེད་ཀྱི་མེད། འོས་ཤོག་ཚང་མ་གྲངས་ཀ་རྒྱག་ཏུ་འཇུག་དགོས། སྔོན་ཆད་ཀྱང་ཨ་མི་རི་ཀའི་དམངས་གཙོའི་ཐོབ་ཐང་འཕྲོག་ཐུབ་མེད། ད་ལྟའང་འཕྲོག་མི་ཐུབ་པ་དང་མ་འོངས་པར་ཡང་འཕྲོག་མི་ཐུབ། ང་ཚོས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་ཕྱོགས་ཁག་བཟུང་ནས་འོས་འདེམས་ཀྱི་འགྲན་རྩོད་ལ་ཞུགས་པ་རེད། ཡིན་ནའང་འོས་འདེམས་རྗེས་སུ་ཨ་མི་རི་ཀ་བ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས། གལ་སྲིད་ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་ངས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཞིག་མིན་པར་ཨ་མི་རི་ཀའི་སྲིད་འཛིན་ཞིག་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། འདས་པའི་ལོ་༢༠༠་ལྷག་ལ་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ཀྱི་སྙིང་རྩའི་འཕར་ལྡིང་བྱེད་པ་ཉམས་པ་མེད་པར་སོར་གནས་རེད་ཅེས་གཏམ་བཤད་བྱས་འདུག

XS
SM
MD
LG