ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་ཆོད་མེད་པ།


༄༅།། ༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱས་ཀྱང་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་མེད་རྟིང་ཐག་ཆོད་མེད་ཅིང་། གསར་འགྱུར་འདི་འབྲི་རྩོམ་བྱེད་པའི་དུས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༢༤་དང་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༡༣་ཐོབ་འདུག སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར་གྱི་ཡོད་པ་རེད།།

དེ་རིང་ཕྱི་ཟླ་༡༡་པའི་ཚེས་༤་ཉིན་གྱི་སྔ་དྲོ་བར་དུ་འཇོར་ཇཱི་ཡ་དང་བྱང་ཁེ་རོ་ལེ་ན། ཝི་སི་ཀོན་སན་དང་མཱི་ཆི་གྷན། ཕན་སིལ་ཝྭེ་ཎི་ཡ་དང་ནེ་ཝྭ་ཌ་སོགས་མངའ་སྡེ་འགའ་ཞིག་ཏུ་སྦྲག་ཁང་བརྒྱུད་ནས་འོས་ཤོག་སྦྲག་འཕངས་པ་རྣམས་གྲངས་ཀ་བརྒྱབ་ཚར་མེད་པའམ། ཡང་ན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་མིའི་འོས་ཤོག་རྣམས་འབྱོར་ཡོད་པ་རེད། ད་ལྟ་ཕེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འགོ་ཁྲིད་ཚོས་གསར་འགོད་ལྷན་ཚོགས་བསྐོངས་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་དུང་ཡང་མངའ་སྡེ་དེའི་འོས་ཤོག་ས་ཡ་༡་ལྷག་ལ་གྲངས་ཀ་བརྒྱབ་ཚར་མེད་ཅིང་། ད་ལྟའི་འོས་ཤོག་མང་ཉུང་གི་གྲངས་འབོར་དེར་འཕར་ཆག་འགྲོ་སྟངས་ལ་གཞིགས་ཚེ། ཐེངས་འདིའི་སྲིད་འཛིན་འོས་འདེམས་ལ་གནད་འགག་ཆེ་བའི་ཝི་སི་ཀོན་སན་དང་མཱི་ཆི་གྷན་མངའ་སྡེ་གཉིས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་རྒྱལ་ཁ་འཐོབ་རྒྱུའི་རྟགས་མཚན་ཡོད་ཀྱང་འཇོར་ཇཱི་ཡ་དང་བྱང་ཁེ་རོ་ལེ་ན་གཉིས་སུ་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་རྒྱལ་ཁ་འཐོབ་རྒྱུའི་རྟགས་མཚན་ཐོན་འདུག གཟའ་ལྷག་པའི་དགོང་མོའི་བར་དུ་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ཤེས་རྟོགས་ཐུབ་རྒྱུའི་རེ་ལྟོས་འཆང་འདུག

གཟའ་མིག་དམར་ཉིན་གྱི་མཚན་མོའི་ཆུ་ཚོད་༢་དང་ཕྱེད་ཀའི་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་རང་གི་རྒྱབ་སྐྱོར་པ་ཚོར་གཏམ་བཤད་བྱས་ནས་ང་ཚོར་རྒྱལ་ཁ་ཐོབ་ཟིན་པ་རེད། ངས་ཆེས་མཐོའི་ཁྲིམས་ཁང་ལ་རྩོད་གཞི་ཅན་གྱི་འོས་ཤོག་རྣམས་གྲངས་ཀ་རྒྱག་རྒྱུ་འགོག་དགོས་པའི་ཐག་གཅོད་བྱ་དགོས་ཞེས་སྐུལ་ལྕག་གཏོང་རྒྱུ་ཡིན། སྐྱེ་བོ་བསམ་ངན་མ་རུང་པ་ཉུང་ཤས་ཤིག་གིས་ང་ཚོར་འོས་ཤོག་ཐོབ་ཟིན་པའི་ཐོབ་ཐང་འཕྲོག་ཐབས་བྱེད་ཀྱི་འདུག་ཅེས་བཤད། ཇཱོ་བྷ་ཌན་གྱི་འོས་འདེམས་ལས་འགུལ་ཁང་གི་འགན་འཛིན་གྱིས་སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀྱིས་འོས་ཤོག་གི་གྲུབ་འབྲས་ཐག་གཅོད་བྱེད་མི་ཐུབ། ཨ་མི་རི་ཀའི་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་ཤོག་འཕངས་པ་རྣམས་གྲངས་ཀ་རྩིས་ནས་འོས་འདེམས་ཀྱི་གྲུབ་འབྲས་ཐག་གཅོད་བྱ་དགོས་ཞེས་དགག་པ་བརྒྱབ་འདུག ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་སུ་ལ་ཐོབ་ཡོད་མེད་ཐག་གཅོད་བྱེད་ཐུབ་ཀྱི་མེད་པའི་འགག་རྩ་ནི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་འཐུས་ཚོགས་ཀྱི་ལམ་ལུགས་ལྟར་འོས་འདེམས་བྱེད་ཀྱི་ཡོད་པར་ཐུག་ཡོད་པ་རེད།།

ཨ་རི་རྒྱལ་ཡོངས་སུ་འོས་འདེམས་འཐུས་ཚོགས་ལ་གདན་གྲངས་༥༣༨་ཡོད་པ་སྟེ། མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་ཅི་ཙམ་ཡོད་པ་དེའི་ཚད་མཉམ་ཀྱི་གདན་གྲངས་དང་། དེའི་ཐོག་ཏུ་མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་གཉིས་རེའི་ཡོད་པ་དེའི་ཚད་མཉམ་གྱི་གདན་གྲངས། རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་ལ་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༣་གྱི་གདན་གྲངས་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་༥༣༨་ཡོད་ཅིང་། འོས་འདེམས་འཐུས་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། མངའ་སྡེ་གཉིས་མ་གཏོགས་གཞན་དག་གི་ནང་དུ་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་མངའ་སྡེ་གཅིག་གི་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་ན་འོས་མི་དེར་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ཆ་ཚང་འཐོབ་དགོས་པར་མ་ཟད། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་མི་རི་ཀར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་ལམ་ལུགས་ཤིག་དར་ཡོད་པའི་སྟབས་ཀྱིས་རྒྱལ་ཡོངས་སུ་མི་དམངས་ཀྱི་འོས་ཤོག་གྲངས་མང་ཐོབ་ཀྱང་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་མ་ཐོབ་ན་སྲིད་འཛིན་ལ་འདེམས་ཐོན་ཡོང་གི་མེད། འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་སྟབས་ཀྱིས་འོས་མི་གཉིས་ཀ་ཨ་རིའི་མངའ་སྡེ་ཚང་མར་བསྐྱོད་ནས་རང་ལ་མངའ་སྡེ་དེའི་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་འཐོབ་ཐུབ་པའི་འབད་བརྩོན་བྱས་ནས་ལས་འགུལ་སྤེལ་དགོས་པ་རེད།།

XS
SM
MD
LG