ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལ་དྭགས་པ་ཚོས་གྲོས་གཞི་དོན་ཚན་བཞི་ལ་གྲོལ་མོལ་བྱ་འདོད་ཡོད་ཟེར། 


༄༅།། ལ་དྭགས་ཀྱི་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་དང་གླེའི་མཐུན་ཚོགས་གཉིས་ཀྱིས་ས་གནས་དེར་མངའ་སྡེའི་གནས་བབ་ཐོབ་པར་རྒྱ་གར་དབུས་གཞུང་ལ་གྲོས་གཞི་དོན་ཚན་བཞིའི་ཐོག་ཏུ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༢༤་ཉིན་རྒྱ་གར་གྱི་ད་ལྟའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ཀྱི་ཁ་ཆེ་དང་ནང་པ་ཚོས་ས་གནས་དེར་མངའ་སྡེའི་གནས་བབ་སྤྲོད་དགོས་པ་དང་ས་གནས་དེ་རྩ་ཁྲིམས་དོན་ཚན་དྲུག་པའི་ཁོངས་སུ་ཚུད་དགོས་པ་སོགས་ལ་གྲོས་མོལ་བྱ་འདོད་ཡོད་ཅེས་ལངས་ཕྱོགས་གསལ་སྟོན་བྱུང་། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡་ཉིན་རྒྱ་གར་གཞུང་གིས་ལ་དྭགས་པའི་ལས་ཀའི་ཐོབ་ཐང་དང་ས་ཆ་སྲུང་སྐྱོབ། མངའ་སྡེའི་ཐོབ་ཐང་བཅས་ལ་གྲོས་མོལ་བྱེད་ཆོག་ཅེས་བསྒྲགས། ༢༠༡༩་ལོའི་ཕྱི་ཟླ་༨་ནང་རྒྱ་གར་གཞུང་གིས་ཀསྨིར་གྱི་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར།།

གཟའ་མིག་དམར་ཉིན་མཁར་དཀྱིལ་ཕྱོགས་ཀྱི་སྤྱི་ཚོགས་དང་ཆོས་ལུགས། ཆབ་སྲིད་ཀྱི་ཚོགས་པ་ཁག་གི་འཐུས་མི་བཅས་མི་༡༣་དང་གླེའི་ཕྱོགས་ཀྱི་སྤྱི་ཚོགས་དང་ཆབ་སྲིད། ཆོས་ལུགས་ཀྱི་ཚོགས་སྡེ་ཁག་གི་འཐུས་མི་བཅས་མི་༡༥་མཉམ་དུ་འདུས། ཁོ་ཚོས་རྒྱ་གར་དབུས་གཞུང་གིས་ལ་དྭགས་ཀྱི་ཐོབ་ཐང་ཁག་སྲུང་སྐྱོབ་བྱ་དགོས་པའི་དགོས་འདུན་དེ་ཚོར་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་ཚེ། ལ་དྭགས་པ་ཚོ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡིན་པ་དང་གྲོས་མོལ་ལ་ནམ་ཡང་གཡོལ་གཟུར་བྱས་མྱོང་མེད་ཅེས་སྤྱི་བསྒྲགས་སྤེལ། ལ་དྭགས་ཀྱི་ཚན་རིག་པ་དང་སློབ་གསོ་རིག་པ་བ་བསོད་ནམས་དབང་ཕྱུག་གིས་ཕྱི་ཟླ་༥་པའི་ཚེས་༢༦་ནས་ཉིན་བཅུའི་རིང་ཟས་བཅད་ངོ་རྒོལ་བྱ་དགོས་ཞེས་ཐབས་ཇུས་བསྟན། ཁ་སྔོན་ཕྱི་ཟླ་དང་པོའི་ནང་དུའང་བསོད་ནམས་དབང་ཕྱུག་གི་ལམ་སྟོན་ལྟར་ལ་དྭགས་པ་ཚོས་ཉིན་ལྔའི་ཟད་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།།

ལ་དྭགས་ཀྱི་ཚན་རིག་པ་དང་སློབ་གསོ་རིག་པ་བ་བསོད་ནམས་དབང་ཕྱུག
ལ་དྭགས་ཀྱི་ཚན་རིག་པ་དང་སློབ་གསོ་རིག་པ་བ་བསོད་ནམས་དབང་ཕྱུག

མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་མཐོ་རིམ་ཚོགས་མི་ཨོ་མར་ཨ་ལི་ཨ་ཁུན་གྱིས་ལ་དྭགས་པ་ཚོས་རྒྱ་གར་གྱི་ནང་སྲིད་བློན་ཆེན་དང་ནང་སྲིད་ལྷན་ཁང་སོགས་སུ་འདྲ་ཞིག་ཡིན་རུང་གྲོས་མོལ་བྱ་འདོད་ཡོད། ལ་དྭགས་ཀྱི་ཚོགས་སྡེ་གཉིས་ཀྱི་རྒྱུན་ལས་ཚོས་ནང་སྲིད་བློན་ཆེན་དང་ནང་སྲིད་བློན་ཆེན་གཞོན་པར་གྲོས་མོལ་བྱས་པའི་རྗེས་སུ་དབང་ཚད་ཆེན་པོ་སྤྲད་ཡོད་པའི་ཚོགས་ཆུང་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་ཞིང་། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་མ་ཐུར་དང་བྷི་ཇེ་པི་ཚོགས་པའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་སོགས་དབང་ཚད་ཆེན་པོ་ཡོད་པའི་ཚོགས་མི་༡༧་གྱི་ཚོགས་ཆུང་ཞིག་བཙུགས། ཚོགས་ཆུང་དེས་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་ཁམས་ཆགས་ཡུལ་དང་འཐབ་ཇུས་ཀྱི་གནད་འགག་ལ་བསམ་ཞིབས་ཀྱིས་ལ་དྭགས་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་པར་གྲོས་སྡུར་བྱ་དགོས་ཞེས་བཀའ་ཕབ།།

རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་གླེའི་མཐུན་ཚོགས་དང་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་གཉིས་ཀྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས། མཁར་དཀྱིལ་དང་གླེ་གཉིས་ལ་འཛིན་སྐྱོང་མ་འདྲ་བ་གཉིས་འཛུགས་དགོས་པར་མ་ཟད། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་གླེ་དང་མཁར་དཀྱིལ་ལ་གདན་ཐོབ་ལོགས་སུ་སྤྲོད་དགོས། ལ་དྭགས་ཀྱི་ན་གཞོན་ཚོར་ལས་ཀའི་གོ་སྐབས་ཟུར་འཇོག་བྱ་དགོས་ཞེས་རྩོད་པ་རྒྱག་གི་ཡོད་པར་གླེང་སློང་མ་བྱས་པར་གཡོལ། མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་ཀྱི་ཟུང་འབྲེལ་གཙོ་འཛིན་ཨ་ས་གྷར་ཨ་ལི་ཀར་བྷ་ལེས་རྒྱ་གར་དབུས་གཞུང་གིས་ང་ཚོའི་གྲོས་གཞི་ཁག་ལ་མོས་མཐུན་དང་ང་ཚོར་གྲོས་མོལ་བྱེད་དུ་ཤོག་ཅེས་འབོད་འགུགས་བྱེད་པའི་རེ་བ་ཡོད། ང་ཚོས་སྐུ་ཚབ་ཚོགས་པ་ཞིག་བཙུགས་ནས་ལ་དྭགས་མི་དམངས་ཀྱི་མངོན་འདོད་རྒྱ་གར་དབུས་གཞུང་གི་སྙན་ལ་འཁྱོལ་ཐབས་བྱེད་འདོད་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲོས་མོལ་གྱི་འདུན་པ་བཅངས་ཡོད་ཅེས་འབོད་སྐུལ་ཞུས།།

ལ་དྭགས་ཀྱི་མཁར་དཀྱིལ་དམངས་གཙོ་མཐུན་ཚོགས་དང་གླེའི་མཐུན་ཚོགས་གཉིས་ཀས་ན་གཞོན་ཚོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་པ་དང་ལ་དྭགས་པའི་ལག་འཁྱེར་བཟོ་རྒྱུ། ལ་དྭགས་ས་གནས་སུ་ལས་ཀ་ཅི་ཞིག་བཀོད་སྒྲིག་བྱས་ཀྱང་མི་དེར་ལ་དྭགས་པའི་ལག་འཁྱེར་སྟོན་རྒྱུ་ཡོད་དགོས། ཉེ་ཆར་ལ་དྭགས་དབུས་མངའ་སྡེ་འཛིན་སྐྱོང་ཁང་གིས་ལ་དྭགས་པ་ཚོས་བཏོན་པའི་དགོས་འདུན་དོན་ཚན་བཞིའི་ནང་གི་གཅིག་སྟེ། ལ་དྭགས་ཀྱི་ས་ཆ་སྲུང་སྐྱོབ་དང་ལས་ཀའི་ཐོབ་ཐང་གི་དབང་ཚད་རྣམས་ས་གནས་ཡུལ་མི་ཚོར་སྤྲོད་དགོས་ཞེས་རྩ་ཁྲིམས་ནང་དུ་འགོད་རྒྱུར་འཐད་པ་ཡོད་པའི་རྣམ་འགྱུར་ཐོན། ལ་དྭགས་པ་ཚོས་རང་གི་དགོས་འདུན་བསྒྲུབ་པར་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་ཇམ་མུ་ས་གནས་སུ་རྒྱ་གར་གཞུང་ལ་ངོ་རྒོལ་བྱས། དེའི་རྗེས་སུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ངོ་རྒོལ་གྱི་ལས་འགུལ་སྤེལ།།

ཕྱི་ཟླ་༥་པའི་ཚེས་༢༣་ཉིན་ཀསྨིར་ཆེན་པོའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་ལ་དྭགས་པ་ཚོས་རང་གི་དགོས་འདུན་དོན་ཚན་བཞིའི་ཐོག་ཏུ་རྒྱ་གར་དབུས་གཞུང་ལ གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་ཅེས་གསལ་བསྒྲགས་སྤེལ་བ་ནི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་ཞིག་མཚོན་ཐུབ། ཡིན་ནའང་ལ་དྭགས་པ་ཚོས་རང་གི་རྩ་དོན་རྣམས་བློས་བཏང་མེད་ཅིང་། ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་མ་རག་ན་ས་ཆ་དང་ལས་ཀའི་གོ་སྐབས། དཔལ་འབྱོར་འཛུགས་སྐྲུན་དང་ཤེས་ཡོན་སློབ་གསོ་བཅས་ཀྱི་སྲིད་ཇུས་རྣམས་རྒྱ་གར་དབུས་གཞུང་གིས་གཏན་འབེབས་བྱས་ཏེ་ས་གནས་མི་དམངས་ལ་ཐེ་གཏོགས་བྱེད་ཆོག་པའི་དབང་ཆ་མེད་པར་གྱུར། ལྷག་པར་དུ་དབུས་ཐད་སྐྱོང་མཁའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་ཀྱི་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG