ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཡུཀ་རེན་གྱི་ནང་སྲིད་བློན་ཆེན་སོགས་མི་༡༨་གནམ་གྲུ་བརྡབས་ནས་འཆི་སྐྱོན། 


༄༅།། ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་གྲོང་འདབས་ཤིག་ཏུ་ཐད་འཕུར་གནམ་གྲུ་བརྡབས་ནས་མི་༡༨་ལ་སྲོག་སྐྱོན་ཕོག འདས་པོ་དེ་དག་གི་གྲས་སུ་ཡུཀ་རེན་གྱི་ནང་སྲིད་བློན་ཆེན་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་སྔ་ཡུཀ་རེན་གྱི་ཐད་འཕུར་གནམ་གྲུ་དེ་རྐྱེན་དབང་གིས་བརྡབས་པ་ཡིན་ནམ། ཡང་ན་ཨུ་རུ་སུས་འཕུར་མདེལ་བརྒྱབ་ནས་གཏོར་བ་ཡིན་མིན་ངེས་གཏན་བྲལ། ཉེ་དུས་ཤིག་ནས་ཡུཀ་རེན་གྱི་རྒྱལ་སའི་མཐའ་འཁོར་དུ་དམག་འཁྲུག་རྒྱག་གི་མེད་ཅིང་། ཡུཀ་རེན་གྱི་རྒྱལ་ཡོངས་ཉེན་རྟོག་ལྷན་ཁང་གི་འགན་འཛིན་ཀེ་ལི་མན་ཀོས་ཐད་འཕུར་གནམ་གྲུ་དེར་ནང་སྲིད་བློན་ཆེན་མོ་ན་སི་ཊིར་སི་ཀི་དང་ནང་སྲིད་བློན་ཆེན་གཞོན་པ་ཡེབ་ཧན་ཡེ་ནིན། ནང་སྲིད་ལྷན་ཁང་གི་དྲུང་ཆེ་ཡུ་རི་ལུབ་ཀོབ་ཡེ་ཆི་བཅས་མཉམ་དུ་ཡོད་པ་བརྡབ་སྐྱོན་བྱུང་ནས་འདས་སུ་གྱུར་སོང་ཞེས་བསྒྲགས། ཡུཀ་རེན་གྱི་ནང་སྲིད་བློན་ཆེན་རྒྱལ་ཁབ་དེའི་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་ཡིན་པ་དང་ཛ་དྲག་ལས་དོན་ཁག་གི་ལས་འགན་བཞེས། ན་ནིང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ལ་འཆི་སྐྱོན་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཀིབ་ས་ཁུལ་གྱི་སྤྱི་ཁྱབ་ཨོ་ལེཀ་སི་ཀུ་ལེ་བྷས་ཐད་འཕུར་གནམ་གྲུ་དེ་ཉིད་སྔོན་འགྲོའི་སློབ་གྲྭ་ཞིག་གི་འཁྲིས་སུ་བརྡབས་ཏེ་བྱིས་པ་གསུམ་བསད་པ་དང་ཁྱོན་བསྡོམས་མི་༢༩་ལ་རྨས་སྐྱོན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་སྤྱི་ཁྱབ་ཁྲིམས་འཛིན་པས་ང་ཚོས་ཐད་འཕུར་གནམ་གྲུ་དེར་བརྡབས་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་བརྟག་དཔྱད་བྱེད་ཀྱི་ཡོད། གནམ་གྲུ་དེ་རྐྱེན་དབང་གིས་བརྡབས་པ་ཡིན་མིན་བཤད་དཀའ། ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་དོན་རྐྱེན་དེར་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དམག་འཁྲུག་གི་དུས་སུ་ཡུཀ་རེན་གྱི་ནང་སྲིད་བློན་ཆེན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་གནམ་བརྡབས་ནས་འཆི་སྐྱོན་བྱུང་བར་དོགས་པ་འདྲ་མིན་ཞིག་བྱ་རྒྱུ་ཆོས་ཉིད་ཡིན་འདུག

དེང་སྐབས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་ལྕམ་ཨོ་ལེ་ན་ཛེ་ལན་སི་ཀ་སྲིད་འཛིན་གྱི་ཚབ་ཏུ་སུད་ཛར་ལན་ཌིའི་ཌ་ཝོ་སི་ས་ཁུལ་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེངས་ཚོགས་ཆེན་ལ་ཞུགས། ཁོང་གིས་མིག་ཆུ་བཏང་སྟེ་སྣ་རྩེར་སོན་འཐོག་བྱས་ནས་དེ་རིང་སླར་ཡང་ཡུཀ་རེན་ལ་ཆག་སྒོ་བྱུང་སོང་། དེ་རིང་ཡང་ཡུཀ་རེན་ལ་རྐྱེན་ངན་བྱུང་བའི་ཉིན་མོ་ཞིག་རེད་ཅེས་ཚོགས་འདུའི་ཐོག་ཏུ་ངུས། ཚོགས་ཆེན་གྱི་གཙོ་སྐྱོང་བ་བྷ་རེན་ཌེས་ཚོགས་ཆེན་སྒོ་འབྱེད་བྱས་པའི་རྗེས་སུ་དུས་ཡུན་སྐར་མ་བཅོ་ལྔར་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་དེ་དག་གི་ཆེད་དུ་ངག་བཅད་མྱ་ངན་ཞུས། ཉི་མ་བཞིའི་སྔོན་དེར་ཨུ་རུ་སུས་འཕུར་མདེལ་འཕངས་ཏེ་ཡུཀ་རེན་གྱི་མི་མང་དཀྱུས་མ་སྡོད་ཡུལ་ཁང་ཆེན་ཞིག་ལ་གཏོར་རྒོལ་བྱས་ནས་བྱིས་པ་དྲུག་ཚུད་པའི་མི་༤༥་བསད། ཡུཀ་རེན་གྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཊི་མོ་ཤན་ཀོས་ང་ཚོ་སྐྱོ་གར་གཅིག་ལ་མྱང་ངན་བྱས་མ་ཚོར་གོང་དུ་སྐྱོ་གར་གཞན་པ་ཞིག་བྱུང་སོང་ཞེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཛེ་ལན་སི་ཀིས་དེ་རིང་རྒྱལ་ས་ཀིབ་མངའ་ཁུལ་གྱི་བྷ་རོ་ཝ་རི་ས་ཁུལ་དུ་རྒྱལ་ཡོངས་ཛ་དྲག་ལས་དོན་ཁང་གི་ཐད་འཕུར་གནམ་ཞིག་བརྡབས་ནས་ཆག་སྒོ་ཚབས་ཆེན་ཞིག་བྱུང་སོང་། ངས་ཡུཀ་རེན་གྱི་བདེ་འཇགས་ལྷན་ཁང་གིས་རྒྱལ་ཡོངས་ཉེན་རྟོག་ལྷན་ཁང་ལ་མཉམ་འབྲེལ་བྱས་ནས་གནམ་གྲུ་བརྡབ་སྐྱོན་གྱི་རྒྱུ་རྐྱེན་ཅི་ཡིན་ཞིབ་འཇུག་ཚུལ་བཞིན་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅེས་གསར་འགོད་པ་ཚོར་གཏམ་བཤད་བྱས་ཤིང་། སི་ཨེན་ཨེན་གསར་འགྱུར་ལས་ཁུངས་ཀྱིས་ཐད་འཕུར་གནམ་གྲུ་དེ་ཡུ་རོབ་ཐད་འཕུར་གནམ་གྲུ་ཁྱད་འཕགས་ཕུ་མ་EC224་རྟགས་ཅན་གྱི་རིགས་ཤིག་རེད་ཅེས་གནས་ཚུལ་སྤེལ་འདུག

ཡུཀ་རེན་གྱི་དམག་འཁྲུག་ལ་འབྲེལ་བ་ཡོད་པའི་གསར་འགྱུར་གཞན་པ་ཞིག་ནི་ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་སླར་ཡང་དམག་སྐུལ་ཐེངས་གཉིས་པ་བྱ་རྒྱུའི་རྟགས་མཚན་ཐོན། གཅིག་བྱས་ན་ཕྱི་ཟླ་དང་པོའི་ཚེས་༡༨་ཉིན་དམག་སྐུལ་གྱི་གསལ་བསྒྲགས་སྤེལ་རྒྱུའི་རྣམ་པ་འདུག ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་གཟའ་ལྷག་པའི་ཉིན་སྲིད་འཛིན་ཕུ་ཊིན་གྱིས་རང་གི་སྐྱེས་ཡུལ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་གཏམ་བཤད་གལ་ཆེན་ཞིག་བྱ་འཆར་ཡོད། ཨུ་རུ་སུའི་དམར་དམག་གིས་ན་ཛི་འཇར་མན་བཙན་འཛུལ་དམག་གི་འགོག་ར་གཏོར་ནས་ལོ་༨༠་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་རྒྱུ་རེད་ཅེས་བཤད། འདི་ནི་ཕུ་ཊིན་གྱིས་སླར་ཡང་དམག་སྐུལ་གྱི་དུས་ཚོད་ཅིག་ཡིན་སྲིད། རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཚོས་ཕུ་ཊིན་ལོ་རྒྱུས་ཀྱི་བྱུང་བ་ཁག་ལ་འབྲེལ་བ་ཡོད་པའི་ཚེས་གྲངས་དེ་ཚོར་བསྟུན་ནས་དམག་སྐུལ་བྱ་རྒྱུར་དགའ་མོས་འདུག ཁོང་གིས་གཟའ་ལྷག་པའི་དུས་དྲན་གྱི་གོ་སྐབས་བཟུང་ནས་དམག་སྐུལ་གྱི་གསལ་བསྒྲགས་སྤེལ་ས་རེད། ན་ནིང་ཕྱི་ཟླ་༩་པའི་ནང་དུ་ཨུ་རུ་སུས་དམག་མི་འབུམ་༣་བསྡུས་ནས་དམག་འཁྲུག་ལ་བཏང་ཡང་རྒྱལ་ཁ་མ་ཐོབ། ཕུ་ཊིན་གྱི་དམག་སྐུལ་དེར་ཨུ་རུ་སུ་རྒྱལ་ཡོངས་སུ་ངོ་རྒོལ་བྱས་ནས་དམག་ཁྲལ་རྒྱུག་དགོས་པའི་སྐྱེས་པ་འབུམ་༣་ད་ཁྲི་ཚོ་༧་ལྷག་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ནས་ཕུ་ཊིན་གྱིས་དམག་སྐུལ་ཐེངས་གཉིས་པ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག ཨུ་རུ་སུའི་སྤྱི་ཡོངས་དམག་གྲངས་ས་ཡ་༢་ལ་སྤར་འཆར་འདུག་ཅེས་གནས་ཚུལ་སྤེལ།།

སི་ཨེན་བྷི་སི་གསར་འགྱུར་ལས་ཁུངས་ཀྱིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གཞུང་གིས་དམག་སྐུལ་ཐེངས་གཉིས་པ་བྱ་རྒྱུ་མ་རེད་ཅེས་ང་ཚོས་ཁ་ཚོན་གཅོད་མི་ཐུབ། ཕུ་ཊིན་གྱིས་སླར་ཡང་དམག་མི་འབུམ་༥་བསྡུས་ནས་དམག་སྦྱོང་སྤྲོད་རྒྱུ་དང་སྦྱོང་བརྡར་ཐོབ་པའི་དཔུང་སྡེ་ཞིག་ཟུར་འཇོག་བྱ་རྒྱུའི་རྟགས་མཚན་ཡོད་པར་མ་ཟད། ཨུ་རུ་སུའི་གྲོས་ཚོགས་ཀྱིས་ཀྱང་དམག་སྐུལ་གྱི་བཅའ་ཁྲིམས་ཟིན་བྲིས་བཏབ་ནས་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་དམག་སྒར་ཁག་གིས་ཀྱང་དམག་སྦྱོང་གི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་བསྟན། གཟའ་འཁོར་འདིར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་སོ་ལེ་ཌར་ཟེར་བའི་ཚྭ་གཏེར་གྲོང་རྡལ་དེ་བླངས་ཡོད་པ་དང་དམག་དཔུང་མང་དུ་བཏང་བའི་རྗེས་སུ་བྷག་མུ་ཏ་གྲོང་ཁྱེར་ལ་དཔུང་འཇུག་བྱ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། འདས་པའི་ལོ་གཅིག་མ་ཟིན་ཙམ་ལ་དམག་འཁྲུག་བརྒྱབ་ནས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀར་དམག་མི་བསད་རྨས་ཆེན་པོ་བྱུང་། ལྷག་པར་དུ་ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༡་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་སྟེ་ཨུ་རུ་སུར་དམག་མི་འདང་ངེས་མེད་པའི་དཀའ་ངལ་འཕྲད། ཕྱི་ཟླ་༡༢་པའི་ནང་དུ་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ཨུ་རུ་སུར་དམག་མི་ས་ཡ་༡་དང་འབུམ་༡་ཡོད། ༢༠༢༦་གི་ཚམས་སུ་ཨུ་རུ་སུའི་དམག་གི་གྲངས་འབོར་ས་ཡ་༡་དང་འབུམ་༥་ལ་སྤར་དགོས་ཞེས་གྲོས་གཞི་བཏོན། ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་རྒྱལ་སྲུང་བློན་ཆེན་ཤོ་གུས་ཨུ་རུ་སུའི་དམག་གི་སྒྲིག་འཛུགས་ལ་ལེགས་བཅོས་ཆེན་པོ་ཞིག་བྱ་དགོས་ཀྱི་འདུག མ་འོངས་པའི་ལོ་ཤས་ནང་དུ་ཨུ་རུ་སུའི་དམག་གི་དཔུང་སྡེར་འགྱུར་བཅོས་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་འགན་འཁྲི་ལེན་དགོས། ཅིའི་ཕྱིར་ཞེ་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་བརྒྱུད་ནས་ཨུ་རུ་སུར་འཐབ་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་འཁྲུག་ལ་དགའ་བའི་མི་རིགས་རིང་ལུགས་པ་ཚོས་ཕུ་ཊིན་ལ་དམག་སྐུལ་ཐེངས་གཉིས་པ་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་འདུག ཨུ་རུ་སུའི་དམག་སྐུལ་ཐེངས་གཉིས་པ་བྱས་ན་ཡུཀ་རེན་གཅིག་པུ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་གཞན་ཁག་དང་ནུབ་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ལ་ཉེན་ཁ་ཆེན་པོ་རེད། ཨུ་རུ་སུའི་དམག་སྐུལ་ཐེངས་གཉིས་པ་བྱས་ཏེ་དམག་སྦྱོང་ཡག་པོ་ཞིག་སྤྲད་ནས་དམག་ས་གཏོང་བར་ལོ་གཅིག་ཙམ་འགོར་ཤས་ཆེ། དེས་ན་ཨུ་རུ་སུས་གསར་དུས་བསྡུས་པའི་དམག་དཔུང་རྣམས་ཡུཀ་རེན་ལས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་གཞན་ཚོར་ཉེན་ཁ་ཆེ། གལ་སྲིད་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དགོས་ངེས་ཀྱི་མཚོན་ཆ་རོགས་རམ་སྤྲད་ན་ད་ལོའི་དབྱར་དུས་འདིར་ཡུཀ་རེན་ལ་རྒྱལ་ཁ་ཐོབ་ནས་དམག་འཁྲུག་མཚམས་ཆོད་རྒྱུའི་རེ་བ་འདུག ཨུ་རུ་སུའི་དམག་གྲངས་ས་ཡ་༡་དང་ཕྱེད་ཀ་ཙམ་ལ་སྤར་འཆར་ཡོད་པ་ནི་ཡུན་རིང་གི་ཉེན་ཁ་ཞིག་རེད། ཕུ་ཊིན་གྱིས་ན་ནིང་ཕྱི་ཟླ་༩་པའི་དམག་སྐུལ་རྗེས་སུ་དམག་སྐུལ་མཇུག་སྒྲིལ་བ་ཡིན་ཞེས་ཁྲིམས་ཡིག་ཅིག་ལ་མིང་རྟགས་བཀོད་མི་འདུག་ཅེས་གནས་ཚུལ་སྤེལ། ཝོ་ཊར་ལུ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ལཱ་ནོ་སི་ཛི་ཀས་གཟའ་འཁོར་གསར་འགྱུར་དེབ་ཀྱི་གསར་འགོད་པར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་དང་སོ་ལི་ཌར་ཚྭ་གཏེར་གྲོང་རྡལ་ལ་དཔུང་འཇུག་བྱེད་ཀྱི་ཡོད་པའི་དམག་མི་རྣམས་དམག་ཁྲལ་བསྡུས་པའི་དམག་མི་གསར་པ་རྣམས་རེད། ཨུ་རུ་སུས་དཔྱིད་ཀར་ཡུཀ་རེན་ལ་ཕྱོགས་ཡོངས་ནས་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG