ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་ཕུ་ཊིན་མྱུར་དུ་འཆི་རྒྱུའི་ཚོད་དཔག


༄༅།། ཕྱི་ལོ་གསར་ཚེས་ཀྱི་དགོང་མོ་དེར་ཡུཀ་རེན་གྱིས་མེ་སྒྱོགས་བརྒྱབ་ནས་ཨུ་རུ་སུའི་དམག་སྒར་ཞིག་ལ་གཏོར་རྒོལ་ཕོག ཨུ་རུ་སུའི་གཞུང་གིས་དམག་མི་༨༩་ལ་སྲོག་སྐྱོན་ཕོག་སོང་ཞེས་ངེས་གཏན་བྱས་པ་དང་ཡུཀ་རེན་གྱིས་དགོང་མོ་དེར་ཨུ་རུ་སུའི་དམག་མི་༤༠༠་བསད་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཨེ་བྷི་སི་གསར་འགྱུར་ལས་ཁུངས་ནས་རྒྱལ་ས་ཀིབ་གྲོང་ཁྱེར་དུ་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་ཌ་ནོབ་ལ་བཅར་འདྲི་ཞུས། ཁ་སང་ཕྱི་ཚེས་༤་ཉིན་ཨེ་བྷི་སི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་དེ་རྒྱང་སྲིང་བྱས་པའི་སྐབས་སུ་བྷུ་ཌ་ནོབ་ཀྱིས་ངས་ཨུ་རུ་སུའི་དམག་སྒར་དེར་གཏོར་རྒོལ་ཕོག་པ་ཡུཀ་རེན་ལ་འབྲེལ་བ་ཡོད་མེད་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག ངས་དམག་འཁྲུག་གི་རྗེས་སུ་དྲི་བ་དེར་ལན་འདེབས་བྱེད་ཐུབ། ཨུ་རུ་སུའི་དམག་སྒར་དེར་གཏོར་རྒོལ་ཕོག་པར་ང་ནི་ཧ་ཅང་དགའ་པོ་བྱུང་། ཕུན་ཊིན་ལ་ན་ཚ་ཕོག་སྟེ་དུས་ཡུན་རིང་པོ་ཕྱིན་འདུག ཁོ་པར་སྐྲན་ནད་ཕོག་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ཕུ་ཊིན་མགྱོགས་པོ་འཆི་ས་རེད། ངས་མྱུར་དུ་འཆི་རྒྱུའི་རེ་བའང་འཆང་གི་ཡོད། ང་ཚོར་ཕུ་ཊིན་གྱི་ཉེ་འཁོར་དུ་ཡོད་པའི་མི་ཚོས་གསང་བའི་གནས་ཚུལ་དེ་མཁོ་སྤྲོད་བྱས་བྱུང་། མ་འོངས་པར་ཨུ་རུ་སུའི་ས་ཐོག་ཏུ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་ཡི་རེད་ཅེས་ཉེན་བརྡ་བཏང་ཞིང་། གསར་འགོད་པས་༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་ལ་གཏོར་རྒོལ་འཕོག་རྒྱུ་རེད་དམ་ཞེས་དྲིས། བྷུ་ཌ་ནོབ་ཀྱིས་ཁེ་རེ་མཱི་ཡ་གླིང་ཟུར་ནི་ཡུཀ་རེན་གྱི་མངའ་ཁོངས་ཡིན་པ་དང་ང་ཚོས་རང་གི་ས་ཐོག་ཏུ་མཚོན་ཆ་ཅི་ཞིག་ཡིན་རུང་བཀོལ་སྤྱོད་བྱེད་ཆོག་ཐོབ་ཐང་ཡོད་པ་རེད་ཅེས་ལན་འདེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཟླ་མཇུག་དེར་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་ཌ་ནོབ་དབྱིན་ལེ་༨༠༠་ལྷག་གི་ས་མཚམས་འདྲེས་པའི་དམག་ས་གཙོ་བོ་སྟེ། ཌོ་ནེ་ཛིཀ་མངའ་ཁུལ་གྱི་བྷག་མུ་ཏ་གྲོང་རྡལ་དུ་བསྐྱོད། ཁོང་གིས་གསར་འགོད་པར་དམག་མི་ཚོས་ང་ལ་མི་ཤི་བའི་ཕུང་པོ་རི་ལྟར་བརྩིགས་ཡོད་པ་ཞིག་བསྟན་བྱུང་། ང་ནི་ཕུང་པོ་དེ་རྣམས་མཐོང་བའི་རྗེས་སུ་ཧང་སང་དགོས་པ་ཞིག་ཏུ་གྱུར་སོང་། ང་ཚོས་གློག་བརྙན་ནང་དུ་མ་གཏོགས་ཕུང་པོ་བརྩེགས་སྤུངས་བྱས་ཡོད་པ་དེ་འདྲ་མཐོང་གི་མ་རེད། ཕུང་པོ་བརྒྱ་ཕྲག་མང་པོ་གཅིག་གི་སྟེང་དུ་གཅིག་བརྩིགས་ཏེ་ཐང་སྟོང་དུ་རུལ་གྱི་འདུག ཨུ་རུ་སུའི་དམག་མི་རྣམས་རོ་སྤུངས་ཀྱི་འཐབ་རའི་ཕག་ཏུ་གབ་ནས་མེ་མདའ་རྒྱག་གི་ཡོད་ཀྱང་སྲོག་མགོ་ཐོན་དཀའ། དམག་ས་ཁག་ཏུ་རོ་ཐང་མང་པོ་འདུག ཨུ་རུ་སུའི་མཚོན་ཆ་རྣམས་ཐེབས་ཆག་ཡིན་པ་དང་ཨི་རན་ནས་ཐོན་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་རིན་གོང་ཁེ་པོ་དེ་ཚོ་བཀོལ་སྤྱོད་བྱེད་ཀྱི་འདུག་ཅེས་མཐོང་ཐོས་རྣམས་གསལ་པོར་བཀྲལ། ཨི་རན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་དག་གིས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ཏུ་གཏོར་རྒོལ་བྱས་ནས་མི་དམངས་ལ་འཇིགས་སྐུལ་ཆེན་པོ་ཐེབས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུས་ཨི་རན་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་ནང་འདྲེན་བྱེད་ཀྱི་འདུག་ཅེས་བསྟན། ཨི་རན་གྱིས་ཨུ་རུ་སུར་ཕུར་གྲུ་ཕྱིར་ཚོང་བྱེད་ཀྱི་མེད་ཅེས་ངོས་ལེན་བྱེད་ཀྱི་མེད་ཅིང་། ༢༠༢༣་འགོ་ཚུགས་པའི་ཉི་མ་དང་པོ་གཉིས་ལ་ཨུ་རུ་སུས་ཁ་ལོ་བ་མེད་པའི་ཕུར་གྲུ་༨༤་བཏང་སྟེ་ཡུཀ་རེན་ལ་གཏོར་རྒོལ་བྱས་ཀྱང་ཡུཀ་རེན་གྱི་འགོག་སྲུང་མཚོན་ཆས་འཕུར་གྲུ་དེ་རྣམས་བར་སྣང་དུ་གཏོར།།

ཨེ་བྷི་སི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲིའི་སྐབས་སུ་ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་ཌ་ནོབ་ཀྱིས་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤༧༠་ཐམ་པའི་རོགས་སྐྱོར་སྤྲོད་ཀྱི་ཡོད་པར་བཀའ་དྲིན་ཤིན་ཏུ་ཆེ། ངས་དམག་འཁྲུག་འདི་ཡུན་རིང་མི་འགོར་བར་མཇུག་བསྡུ་ཐུབ་རྒྱུའི་ཁས་ལེན་བྱེད་ཆོག ཨ་རིའི་སྤྱི་དམངས་དཔྱ་ཁྲལ་འཇལ་མཁན་ཚོའི་རོགས་དངུལ་སྨར་རྡོག་གཅིག་ཆུད་ཟོས་སུ་མ་བཏང་བར་དམིགས་སྒོ་ཁག་ཏུ་བཏང་ཡོད་པ་ཕྱིས་སུ་མཐོང་གི་རེད། ང་ཚོ་མཉམ་འབྲེལ་གྱིས་འཛམ་གླིང་འདིར་འགྱུར་བ་གཏོང་དགོས་ཞེས་བཤད། ཨ་མི་རི་ཀས་བྷ་རེ་ཌི་ལི་འཐབ་འཁོར་ཁག་ཅིག་ཡུཀ་རེན་ལ་སྤྲོད་འཆར་ཡོད་པ་དང་བྷུ་ཌ་ནོབ་ཀྱིས་ང་ཚོས་ཨ་རིའི་བྷ་རེ་ཌི་ལི་འཐབ་འཁོར་ལ་སྒུག་བསྡད་ཡོད། འཐབ་འཁོར་དེ་ཚོར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཨ་རིའི་དམག་གི་འཐབ་འཁོར་ཡོད་ན་ཡུཀ་རེན་གྱི་དམག་གི་འཐབ་རྒོལ་ནུས་པ་ཡར་རྒྱས་གཏོང་ཐུབ། ཡུཀ་རེན་གྱི་དམག་གིས་དཔྱིད་ཀར་འཐབ་རྒོལ་ཆེན་པོ་ཞིག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད། ཕྱི་ཟླ་༣་པའི་ནང་དུ་འཐབ་འཁྲུག་དྲག་པོ་རྒྱག་སྲིད། ང་ཚོས་ཌོན་བྷ་སི་དང་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཡུཀ་རེན་གྱི་ས་ཆ་ཡོད་དོ་ཅོག་བཅིངས་འགྲོལ་བཏང་སྟེ་ཨུ་རུ་སུའི་བཙན་འཛུལ་དམག་དཔུང་མཐར་སྐྲོད་གཏོང་རྒྱུ་ཡིན། ང་ཚོའི་དམིགས་ཡུལ་རྣམས་འགྲུབ་ཀྱི་རེད། ༡༩༩༡་ལོར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཡུཀ་རེན་གྱི་མངའ་ཁོངས་ཚད་གཞི་གཏན་འབེབས་བྱུང་བའི་མཚམས་དེར་ཕྱིར་ལོག་བྱེད་ཐུབ་ཤས་ཆེ། ཨུ་རུ་སུར་འགྱུར་བ་ཐེབས་སྟངས་ཁག་འགའ་ཞིག་ཡོད་ཀྱང་དེའི་དོན་སྙིང་ནི་གཅིག་པ་རེད། དེ་ནི་ཨུ་རུ་སུར་འགྱུར་བ་ཐེབས་རྒྱུ་དེར་སྐྲག་མི་དགོས་པ་དང་འགྱུར་བ་དེ་འཛམ་གླིང་ཧྲིལ་པོར་དགེ་མཚན་ཁོ་ན་ཡོད་པ་ཞིག་རེད་ཅེས་ལན་གླན། ཡུཀ་རེན་གྱི་འགོ་ཁྲིད་ཚོས་ཐོག་མཐའ་བར་གསུམ་དུ་རང་གི་ས་ཆ་བློས་བཏང་ནས་དམག་འཁྲུག་མཇུག་སྒྲིལ་བྱེད་པའམ། ཡང་ན་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱ་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་བྷུ་ཌ་ནོབ་ནས་ཕུ་ཊིན་གྱི་སྲིད་གཞུང་ནི་རྒྱལ་སྤྱིའི་ཐོག་ཏུ་འཕྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཨུ་རུ་སུའི་དམག་དཔུང་ཡང་རང་སྲུང་གི་དམག་དཔུང་ཞིག་ཏུ་གྱུར་ཏེ་ཡུཀ་རེན་གྱི་ས་ཆ་བཙན་འཕྲོག་བྱས་པ་རྣམས་ཨུ་ཚུགས་ཀྱིས་འཛིན་ཐབས་བྱེད་ཀྱི་འདུག ཡིན་ནའང་ཁོ་ཚོས་ཡུཀ་རེན་གྱི་ས་ཆ་ཕྲོགས་པ་རྣམས་ཡུན་རིང་འཛིན་ཐུབ་རྒྱུ་ཁག་པོ་རེད། ད་ལྟ་ཨུ་རུ་སུ་སྔར་བཞིན་འཛམ་གླིང་གི་དམག་དོན་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་མིན་པ་དང་ཨུ་རུ་སུའི་དམག་གི་སྟོབས་ཤུགས་ནི་གཏམ་རྒྱུད་དུ་གྱུར་ཟིན། ད་དུང་གནད་དོན་གཅིག་ཐག་གཅོད་མེད་པ་དེ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་ཡིན་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། དེ་མིན་ན་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆར་སྟངས་འཛིན་བྱ་དགོས། འཇིགས་སྐུལ་རིང་ལུགས་པའི་རྒྱལ་ཁབ་ཅིག་གིས་རང་གི་སྲིད་གཞུང་དེར་ཉེན་ཁ་བྱུང་ན་རྟག་ཏུ་རྡུལ་ཕྲན་མཚོན་ཆས་སྡིགས་ར་བསྐུལ། འཛམ་གླིང་ཡོངས་ལ་ཉེན་ཁ་ཆེ་བའི་སྲིད་གཞུང་ཞིག་ལ་རྡུལ་ཕྲན་མཚོན་ཆ་ཉར་འཛིན་བྱེད་ཆོག་པའི་ཀུན་སྤྱོད་དང་ཆབ་སྲིད་ཀྱི་ཐོབ་ཐང་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཨེ་བྷི་སི་གསར་འགྱུར་ལས་ཁུངས་ཀྱི་བཅར་འདྲི་ཞུས་ཚར་མ་ཐག་ཏུ་བྷུ་ཌ་ནོབ་ཀྱིས་གསར་འགོད་པ་ཚོར་ཡིད་གཟབ་བྱོས། ཨུ་རུ་སུས་མཚོ་ནག་མངའ་ཁུལ་ནས་འཕུར་མདེལ་འཕེན་གྱི་འདུག་ཅེས་ཉེན་བརྡ་བཏང་བར་མ་ཟད། དེ་ནས་ཆུ་ཚོད་རེ་ཟུང་གི་རྗེས་སུ་ཨུ་རུ་སུས་མཁའ་དབྱིངས་ནས་ཡུཀ་རེན་ལ་འཕུར་མདེལ་བཅུ་ཕྲག་མང་པོས་གཏོར་རྒོལ་བྱས་ཏེ་༢༠༢༣་སྔུན་བསུས། ཕྱི་ཟླ་དང་པོའི་ཚེས་༤་ཉིན་ཧྥོབ་སི་གསར་འགྱུར་ལས་ཁུངས་ཀྱིས་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་འཐབ་འཁོར་ཁག་ཅིག་ཡུཀ་རེན་ལ་རོགས་རམ་སྤྲོད་རྒྱུ་དང་འཐབ་འཁོར་དེ་རྣམས་ལྕགས་ཁྲབ་འཁོར་ལོ་མིན་རུང་འཐབ་རྒོལ་གྱི་ནུས་པ་ཆེན་པོ་འདུག འདས་པའི་ཟླ་བ་བཅུ་ལྷག་གི་དམག་འཁྲུག་སྐབས་སུ་ཡུཀ་རེན་གྱི་དམག་མིས་ཨུ་རུ་སུའི་དམག་དཔུང་ལྟར་མ་ཡིན་པར་ནུབ་ཆིངས་སྒྲིག་འཛུགས་ཀྱི་དམག་དཔུང་ལྟར་འཐབ་རྒོལ་བྱེད་ཐུབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་དང་པོའི་ཚེས་༥་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་ཕྱི་ལོ་གསར་པའི་དགོང་མོ་དེར་དམག་མི་ཚོས་ཕན་ཚུན་ཁ་པར་བཏང་ནས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་སྒར་དེ་རྩད་གཅོད་ཐུབ་པ་རེད་ཅེས་ལན་ཁག་དཀྲིས། ཨུ་རུ་སུའི་མི་རིགས་རིང་ལུགས་པ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོ་དང་ཨུ་རུ་སུའི་དམག་དཔོན་ཚོས་རང་གི་ལས་འགན་འཐུས་ཤོར་བཏང་སྟེ་དམག་མིའི་བདེ་འཇགས་ལ་སྲུང་སྐྱོབ་མ་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་ཡང་ཕུ་ཊིན་གཙོས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོ་སྣང་མེད་ཡིན་ཞིང་། ཨུ་རུ་སུའི་གཞུང་གིས་རང་གི་དམག་སྒར་ཞིག་ལ་གཏོར་རྒོལ་ཕོག་སོང་ཞེས་ངོས་ལེན་བྱས་པའི་གཞུག་དེར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དགའ་སྟོན་ཞིག་ལ་ཞུགས་པ་རེད་ཅེས་བརྙན་ཐུང་ཞིག་དྲྭ་ལམ་ཀུན་ཏུ་ཁྱབ། དུས་ཡུན་སྐར་ཆ་༥༡་ཅན་གྱི་བརྙན་ཐུང་དེའི་ནང་དུ་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ཤོ་གུའི་གདོང་ལ་འཛུམ་མདངས་ཕྱུང་། ཁོ་པས་གར་སྟེགས་སུ་སྐུ་མགྲོན་ཚོའི་མཉམ་དུ་བྲོ་འཁྲབ་པ་དང་གླུ་གཞས་བླངས། ཁང་པའི་ནང་དུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་མཛེས་རྒྱན་སྤྲས་ཡོད་པ་རྣམས་གསལ། དེང་སྐབས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཙན་བྱོལ་ལ་གནས་འཁོད་ཨུ་རུ་སུའི་ཚོང་པ་དང་ཕྱོགས་འགལ་ཚོགས་པའི་ལས་འགུལ་བ་ཀོ་ཌོར་ཀོབ་སི་ཀི་ཞེས་པ་ཞིག་གི་བརྙན་ཐུང་དེ་དྲྭ་ལམ་དུ་བཀྲམ། ཁོ་པས་དགའ་སྟོན་འདི་ད་ལོ་ཡིན་མིན་ངེས་གཏན་བྱེད་ཐུབ་མཁན་ཡོད་དམ། གལ་སྲིད་ད་ལོ་ཡིན་ན་ཨུ་རུ་སུའི་དམག་མི་མང་པོ་ཞིག་བསད་པའི་རྗེས་སུ་རྒྱལ་སྲུང་བློན་ཆེན་དགའ་སྟོན་ལ་ཞུགས་པ་ནི་དེ་བས་ཀྱང་ཐབས་རྡུགས་ཤིག་རེད་ཅེས་མཆན་བྲིས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG