ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཡུཀ་རེན་གྱི་འཕུར་གྲུས་ཨུ་རུ་སུའི་གནམ་ཐང་ཁག་ལ་གཏོར་རྒོལ། 


༄༅།། ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དམག་གི་གནམ་ཐང་གཉིས་ལ་གཏོར་རྒོལ་ཕོག་སྟེ་མདེལ་འཕེན་གནམ་གྲུ་ཆེན་པོ་གཉིས་གཏོར། དེ་རིང་གཟའ་མིག་དམར་ཉིན་སླར་ཡང་ཨུ་རུ་སུའི་དམག་གི་གནམ་ཐང་ཞིག་ལ་གཏོར་རྒོལ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་རྒྱང་སྙོབ་འཕུར་གྲུ་དེ་རྣམས་སྤྱི་ལེ་བརྒྱ་ཕྲག་བརྒལ་ཏེ་ཨུ་རུ་སུའི་མཁའ་དབྱིངས་མངའ་ཁོངས་སུ་འཛུལ་ནས་གཏོར་རྒོལ་བྱེད་ཐུབ་ཀྱི་ཡོད་པ་ནི་ཡུཀ་རེན་གྱི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་སུ་མངོན། ཨུ་རུ་སུའི་ཁར་སིག་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཚོས་གཟའ་མིག་དམར་གྱི་ཞོགས་པ་སྔ་པོར་དམག་གི་གནམ་ཐང་དེར་གཏོར་རྒོལ་ཕོག་སོང་ཞེས་དུ་བ་ནག་པོ་གནམ་ལ་འཕྱུར་གྱི་ཡོད་པའི་འདྲ་པར་བཀྲམ། ཡིན་ནའང་ཁ་སང་དང་དེ་རིང་གི་གཏོར་རྒོལ་སྐབས་སུ་མི་ལ་འཆི་རྨས་ཚབས་ཆེན་བྱུང་བའི་གནས་ཚུལ་མ་ཐོན། གཟའ་ཟླ་བའི་ཉིན་ཨུ་རུ་སུའི་ཨན་གྷལ་སི་གནམ་ཐང་སྟེ། དམག་གི་མདེལ་འཕེན་གནམ་གྲུ་ཆེན་པོ་རྣམས་འཇོག་ཡུལ་དང་རྒྱལ་ས་མོ་སི་ཀོ་ནས་ཆུ་ཚོད་འགའ་ཞིག་གི་མཚམས་སུ་ཆགས་པའི་རི་ཡ་ཛན་གནམ་ཐང་གཉིས་ལ་གཏོར་རྒོལ་ཕོག་སོང་ཞེས་ཨུ་རུ་སུའི་གཞུང་གིས་ངེས་གཏན་བྱས་འདུག ཡུཀ་རེན་གྱི་གཞུང་གིས་གཏོར་རྒོལ་དེ་དག་གི་ལན་ཁག་ངོས་ལེན་བྱས་མེད་ཀྱང་ཨུ་རུ་སུའི་དམག་གི་གནམ་ཐང་ཁག་ཏུ་གཏོར་རྒོལ་ཕོག་པར་དགའ་བ་སྒོམ། གཟའ་མིག་དམར་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་གནམ་ཐང་ཁག་ལ་གཏོར་རྒོལ་ཕོག་པ་རྣམས་སྟེས་དབང་ལས་བྱུང་ཞིག་མིན་པ་དང་ཡུཀ་རེན་གྱིས་གཏོར་རྒོལ་བྱས་པ་ཡིན་ཚེ། ཨུ་རུ་སུའི་མཁའ་དབྱིངས་སྲུང་སྐྱོབ་ཧ་ཅང་གི་ཐབས་རྡུགས་ཡིན་པ་ར་འཕྲོད། ཨུ་རུ་སུའི་དམག་དོན་ལྷན་ཁང་གིས་གཏོར་རྒོལ་དེར་ཞིབ་འཇུག་བྱས་ནས་ཡུཀ་རེན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་འགོག་མ་ཐུབ་པའི་འབྲེལ་ཡོད་དམག་གི་འགོ་ཁྲིད་ཚོར་ཁྲིམས་གཅོད་ནན་པོ་བྱ་རྒྱུ་རེད་ཅེས་གསལ་བསྒྲགས་སྤེལ།།

ཨུ་རུ་སུའི་གཞུང་གིས་གཟའ་ཟླ་བའི་ཉིན་རི་ཡ་ཛན་གནམ་ཐང་དུ་གཏོར་རྒོལ་བྱུང་ནས་དམག་མི་༣་ལ་སྲོག་སྐྱོན་ཕོག་སོང་། ཨུ་རུ་སུའི་རྒྱང་སྙོབ་དམག་གི་གནམ་གྲུ་དེ་ཚོར་གཏོར་བཤིག་གཏོང་གི་ཡོད་པ་ནི་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་རེད་ཅེས་བཀྲལ། ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་ས་ཐོག་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ཨུ་རུ་སུའི་དམག་གི་གནམ་ཐང་དེ་ཚོར་གཏོར་རྒོལ་བྱས་ཤིང་། མ་ཐ་ཡང་གཏོར་རྒོལ་གཅིག་ལ་ཡུཀ་རེན་གྱི་དམིགས་བསལ་དཔུང་སྡེས་རྒྱབ་སྐྱོར་བྱས་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་ནང་ཁུལ་དུ་གཏོར་རྒོལ་ཅི་ཞིག་བྱུང་ཡང་ཡུཀ་རེན་གྱིས་དེའི་ལན་ཁག་རྣམས་གཏན་ནས་ངོས་ལེན་བྱེད་སྲོལ་མེད་ཅིང་། གསར་འགོད་པ་ཚོས་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་ལ་སྐད་ཆ་དྲིས་ཀྱང་དུས་རྒྱུན་ལྟར་ཀུ་རེ་དང་སྦྲགས་ནས་ཨུ་རུ་སུའི་དམག་གི་གནམ་ཐང་དེ་དག་གི་ནང་དུ་ཐ་མག་འཐེན་མཁན་ཚོས་སྣང་མེད་ཤོར་ཏེ་འབར་གས་བྱུང་བ་ཡིན་ཤས་ཆེ། ཨུ་རུ་སུ་བ་ཚོས་རྟག་ཏུ་ཐ་མག་འཐེན་མི་ཆོག་ས་དེ་དག་ཏུ་ཐ་མག་འཐེན་གྱི་རེད་ཅེས་ལན་བཏབ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་ཨ་རེ་སི་ཊོ་ཝི་ཆིས་གསར་འགོད་པ་ཚོར་བརྗོད་དོན་ལྟར་ན། ཨན་གྷལ་གནམ་ཐང་ནི་ཨུ་རུ་སུའི་དམག་གི་མདེལ་འཕེན་གནམ་གྲུ་ཆེན་པོ་རྣམས་འཇོག་ས་ཡིན་པ་དང་གནམ་ཐང་དེ་དག་ནས་མདེལ་འཕེན་གནམ་གྲུ་འཕུར་ཏེ་ཡུཀ་རེན་ལ་གཏོར་རྒོལ་བྱེད་ཀྱི་འདུག ཁོ་ཚོས་མདེལ་འཕེན་གནམ་གྲུ་ཆེན་པོ་དེ་རྣམས་ཁ་བཀྲམ་ནས་འཇོག་གི་ཡོད་པ་རེད། ཁ་སང་ཨུ་རུ་སུའི་དམག་མི་ཚོས་ཐ་མག་འཐེན་ནས་ང་ཚོར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་སོང་ཞེས་འགྲེལ་བཤད་ཁ་སྣོན་ཞིག་བརྒྱབ།།

ཨུ་རུ་སུའི་ཉམས་ཞིབ་པ་ཚོས་ཡུཀ་རེན་གྱིས་རང་གི་ས་མཚམས་ནས་ཨུ་རུ་སུའི་ནང་ཁུལ་དུ་གཏོར་རྒོལ་བྱེད་ཐུབ་ཀྱི་ཡོད་པར་ཉེན་ཁ་ཆེ། ཁོ་ཚོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ལའང་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་ཡོད་པའི་རྟགས་མཚན་རེད་ཅེས་དཔྱད་བརྗོད་སྤེལ། ཡུཀ་རེན་གྱི་ཨེ་སི་པ་རེ་སོ་བརྙན་འཕྲིན་ཁང་གི་ཉམས་ཞིབ་པ་སཱེར་ཧི་ཛི་གུ་རེ་ཊིས་ང་ཚོའི་དམག་དཔུང་ལ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ས་ཐོག་ཏུ་ཚུགས་པའི་དམག་སྒར་ཁག་ལ་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་ཡོད་པ་ནི་དོན་སྙིང་ཆེན་པོ་ཞིག་རེད་ཅེས་དཔྱད་བརྗོད་སྤེལ། ཨུ་རུ་སུའི་ཨན་གྷལ་སི་གནམ་ཐང་དུ་བཞག་ཡོད་པའི་ཊུ་པོ་ལེབ་རྒྱང་སྙོབ་མདེལ་འཕེན་གནམ་གྲུ་དེ་རྣམས་ཨ་མི་རི་ཀས་གྲང་དམག་དུས་སུ་བཀོལ་སྤྱོད་བྱས་པའི་B-52་རྟགས་ཅན་གྱི་མདེལ་འཕེན་གནམ་གྲུ་ཁག་དང་འདྲ་མཚུངས་ཡིན་འདུག ཉེ་ཆར་ཕྱི་ཟླ་༡༠་པའི་ནང་དུ་ཨུ་རུ་སུའི་དམག་གིས་ཊུ་པོ་ལེབ་གནམ་གྲུ་བཏང་སྟེ་བདུན་ཕྲག་རྟག་པར་ཡུཀ་རེན་གྱི་གློག་ཁང་ཁག་དང་མི་དམངས་ཀྱི་འཐུང་ཆུའི་ཆུ་མཛོད་ཁག་ལ་འཕུར་མདེལ་བརྒྱབ་ནས་གཏོར་བཤིག་ཆེན་པོ་ཕོག ཨན་གྷལ་སི་གནམ་ཐང་ནི་ཨུ་རུ་སུའི་ས་ར་ཏོབ་གྲོང་ཁྱེར་དུ་ཡོད་པ་དང་ཡུཀ་རེན་གྱི་ས་མཚམས་ནས་སྤྱི་ལེ་༦༠༠་ལྷག་གི་ཕ་རོལ་ཏུ་ཡོད་འདུག ཨུ་རུ་སུས་གཟའ་ཟླ་བའི་གཏོར་རྒོལ་དེར་དགྲ་ལན་སློག་ནས་ཡུཀ་རེན་གྱི་དམག་གི་བཀོད་འདོམས་ཁང་ལ་གཏོར་རྒོལ་བྱེད་ཀྱི་ཡོད་ཅེས་གློག་ཁང་དང་མི་མང་སྒེར་གྱི་ཁང་པ་རྣམས་གཏོར། འོན་ཀྱང་ཟླ་བ་སྔོན་མར་ཨུ་རུ་སུས་འཕུར་མདེལ་དྲག་ཆར་བབས་པ་ལྟར་ཡུཀ་རེན་རྒྱལ་ཡོངས་སུ་གཏོར་རྒོལ་བྱས་ནས་གློག་ཁང་ཕལ་མོ་ཆེ་རྩ་གཏོར་བཏང་བར་མ་ཟད། ཡུཀ་རེན་གྱི་ཁྱིམ་ཚང་ཁག་ལ་གློག་བཅད་ནས་མི་དམངས་ས་ཡ་མང་པོ་དགུན་གྱི་གྲང་ངར་དུས་སུ་མུན་ནག་ནང་དུ་འདུག་དགོས་འབྱུང་གི་ཡོད་པར་བསྡུར་ན་དེ་རིང་གི་གཏོར་རྒོལ་དེ་ཚབས་ཆེན་པོ་ཞིག་མིན་ཞིང་། ཡུཀ་རེན་གྱི་གནམ་དམག་གིས་ཨུ་རུ་སུའི་འཕུར་མདེལ་༦༠་ནས་༧༠་ཡས་མས་ཤིག་བར་སྣང་དུ་གཏོར་བ་ཡིན་ཞེས་བསྒྲགས།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་འཕུར་མདེལ་གཅིག་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཛ་པོ་རི་ཤི་ཡ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་ཕོག་སྟེ་ཉེ་འཁྲིས་ཀྱི་ཁང་པ་ཞིག་ཤུལ་མེད་དུ་བསྣུབས། མྱུར་སྐྱོབ་ལས་མི་ཚོས་ཕུང་པོ་གཉིས་རླངས་འཁོར་ནང་དུ་ཁྱེར་བ་དང་ལོ་ན་༦༢་ལ་སོན་པའི་རྒན་མོ་ཨོ་ལཱ་ཊི་རོ་ཤཱི་ན་ཞེས་པ་ཞིག་གིས་ཨུ་རུ་སུའི་འཕུར་མདེལ་གྱིས་བསད་པའི་མི་དག་ངའི་ཁྱིམ་མཚེས་བཟའ་ཚོ་གཉིས་རེད། ཁོ་ཚོས་རླངས་འཁོར་འགྲམ་དུ་བུ་དང་མནའ་མ་གཉིས་ལམ་འཇུག་བྱེད་ཀྱི་ཡོད་པའི་རྗེས་སུ་འཕུར་མདེལ་ཕོག་སོང་། ང་ཚོའི་ཁང་པ་རྣམས་གཏོར་བཤིག་བཏང་ཚར་བ་དང་དགུན་ཁ་སླེབས་ཀྱིན་འདུག ང་ཚོ་རང་ཁྱིམ་ཞེས་ལོག་འགྲོ་ས་ཞིག་མེད། དཔྱིད་ཀ་དང་དབྱར་དུས་ཡིན་ན་ཁང་པ་གཏོར་ཀྱང་ཁྱད་པར་མེད། ནམ་ཟླ་དྲོ་བའི་དུས་སུ་ང་ཚོས་འཚོ་ཐབས་ཤིག་རྙེད་ཀྱི་རེད། དགུན་གྱི་གྲང་ངར་དུས་སུ་ང་ཚོས་ཅི་ཞིག་བྱ་དགོས་པ་རེད་ཅེས་གསར་འགོད་པར་སྡུག་སྨྲེ་བཏོན། ཡུཀ་རེན་གྱི་གཞུང་གིས་ས་གནས་འགའ་ཞིག་གི་གློག་ཁང་ཁག་ལ་གཏོར་རྒོལ་ཕོག་སྟེ་མི་དམངས་ལ་གློག་གཏོང་ཐུབ་ས་མ་རེད་ཅེས་སྔོན་བརྡ་བཏང་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུས་གཏོར་རྒོལ་བྱས་ནས་ཉུང་མཐའ་ཡང་མི་༤་བསད་འདུག ང་ཚོས་གང་ཐུབ་ཀྱིས་མི་དམངས་ལ་གློག་མཁོ་གཏོང་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གཟའ་ཟླ་བའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ། ཨུ་རུ་སུས་འཕུར་མདེལ་གྱིས་གཏོར་རྒོལ་བྱ་ཡུལ་ཁག་ཡུཀ་རེན་གྱི་དམག་དོན་ལ་འབྲེལ་བ་འདུག་ཟེར། ཡུཀ་རེན་གྱིས་ཨུ་རུ་སུས་འཕུར་མདེལ་འཕངས་ནས་གློག་ཁང་དང་མི་དམངས་ཀྱི་འཐུང་ཆུ་བགོ་འགྲེམ་བྱ་ཡུལ་ཁག ད་དུང་མང་ཚོགས་ཀྱི་ཁང་པ་རྣམས་གཏོར་བཤིག་གཏོང་གི་འདུག ཡུཀ་རེན་མི་དམངས་ལ་འཁྱག་སྡུག་མྱོང་དུ་བཅུག་སྟེ་ཨུ་རུ་སུར་མགོ་སྒུར་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་འདུག་ཅེས་སྐྱོན་བཙུགས།།

ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་རེ་ཛི་ནི་ཀོབ་ཀྱིས་ཨུ་རུ་སུས་ཐབས་ཇུས་དེར་གྲུབ་འབྲས་གཏན་ནས་འཐོན་རྒྱུ་མིན་པ་ཤེས་ཀྱི་མི་འདུག ཡུཀ་རེན་ལ་འཕུར་མདེལ་གྱིས་ཅི་ཙམ་གཏོར་རྒོལ་བྱས་ན་ང་ཚོས་ཨུ་རུ་སུར་འཐབ་རྒོལ་བྱ་རྒྱུའི་ཆོད་སེམས་དེ་བས་ཀྱང་ཇེ་བརྟན་དུ་འགྲོ་ཡི་འདུག ང་ཚོའི་རྒྱབ་སྐྱོར་བ་ཚོས་ཀྱང་ཡུཀ་རེན་ལ་རོགས་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་སྨྲས། གསར་འགོད་པ་ཚོས་ཡུཀ་རེན་གྱི་མི་དམངས་ལ་སྐད་ཆ་དྲིས་པའི་སྐབས་སུའང་སྐྱེ་བོ་རྒན་གཞོན་བར་གསུམ་གྱིས་ཨུ་རུ་སུས་འཕུར་མདེལ་འཕངས་ཏེ་གློག་བཅད་པ་དང་འཐུང་ཆུ་བཀག་ཀྱང་ང་ཚོས་སྡུག་སྒོམ་བྱེད་ཐུབ་ཀྱི་ཡོད། ཨུ་རུ་སུའི་བཙན་འཛུལ་འགོག་ཐབས་དང་ཨུ་རུ་སུའི་དབང་བསྒྱུར་འོག་ནས་ཐར་ཐབས་སུ་དགུན་གྱི་འཁྱག་སྡུག་མྱོང་དགོས་ཀྱང་སྡུག་རུས་བྱེད་ཐུབ་ཅེས་ལན་འདེབས་བྱས་འདུག གཟའ་ཕུར་བུའི་ཉིན་ཨ་རིའི་གཞུང་གིས་རྡོ་སྣུམ་དང་སོལ་རླངས་བཟོ་ཚོང་ལས་ཁུངས་ཁང་གི་འབྲེལ་ཡོད་ལས་སྣེ་ཚོ་བརྙན་ལམ་དུ་བསྡུ་སྐོང་བྱས་ནས་ཡུཀ་རེན་ལ་རྡོ་སྣུམ་དང་སོལ་རླངས་རོགས་སྐྱོར་ཇི་ལྟར་བྱེད་ཐུབ་མིན་གྲོས་སྡུར་བྱ་རྒྱུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐ་ཎི་བྷ་ལིན་ཁེན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་མི་དམངས་རྣམས་འུ་ཐུག་གི་གནས་སུ་རྫོང་ཐབས་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལ་གྲུབ་འབྲས་ཐོན་དཀའ་ཞེས་བསྟན། ཕྱི་ཟླ་༡༢་པའི་ཚེས་༥་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཟླ་བ་༩་ལྷག་འགྲོ་བཞིན་པའི་ཡུཀ་རེན་གྱི་དམག་འཁྲུག་ནང་དུ་ཨུ་རུ་སུར་ཕྱོགས་གང་ཐད་དུ་ཕམ་ཉེས་བྱུང་། ལྷག་པར་དུ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་བའི་གྲངས་འབོར་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཨུ་རུ་སུར་ཕམ་ཉེས་ཅི་ཙམ་བྱུང་ན་དེ་ཙམ་གྱིས་ཕུ་ཊིན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་བཞིན་འདུག ད་སྔ་ཕུ་ཊིན་ལ་མངོན་གསལ་དོད་པོས་ཁ་གཏད་གཅོག་ཐུབ་ཀྱི་མེད་ཀྱང་ཨུ་རུ་སུའི་སྲིད་གཞུང་གི་ནང་ཁུལ་དང་གསར་འགྱུར་དཔྱད་ཞིབ་པ། ཨུ་རུ་སུའི་མི་རིང་ལུགས་པ་སོགས་ཀྱིས་ཕུ་ཊིན་ལ་སྐྱོན་བརྗོད་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་སྤེལ་འདུག

XS
SM
MD
LG