ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཁ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོས་རྒྱ་གར་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ། 


དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་།
དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་།

༄༅།། ཁ་ལི་སི་ཐན་གྱི་རྒྱ་སྐྱོར་བ་སིག་རྒྱ་བོ་ཚོས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་ཚེས་༢༦་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིག་རྒྱ་བོའི་ངོ་རྒོལ་ལས་འགུལ་དེར་གཏམ་བཤད་བྱེད་མཁན་ཚོས་དྲག་ཟིང་བསླང་དགོས་པའི་ངལ་སྐུལ་བྱས་ཀྱང་ཨ་རིའི་གསང་བའི་མི་སྣ་རྣམས་དང་ས་གནས་ཀྱི་ཉེན་རྟོག་པ་ཚོས་བཀག་འགོག་བྱས་ཏེ་ཁ་སྔོན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཁང་དང་ཨ་རིའི་སན་ཧྥ་རན་སི་སེ་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་གར་གྱི་དོན་གཅོད་ཁང་ལ་གཏོར་བཅོམ་བྱུང་བ་ལྟར་ཝ་ཤིང་ཊོན་དུ་གཏོར་བཅོམ་བྱས་ཐུབ་མེད་ཅིང་། ཁ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོས་ཚིག་རྩུབ་སྨྲས་པ་དང་འཛེམ་ཟོན་མེད་པར་རྒྱ་གར་གྱི་གཞུང་ཚབ་པར་འཇིགས་སྐུལ་བྱས་ཀྱང་སྐབས་དེར་གཞུང་ཚབ་པ་ཝ་ཤིང་ཊོན་གྱི་རྒྱ་གར་གཞུང་ཚབ་ཁང་གི་ལས་ཁུངས་སུ་བཞུགས་མེད་པས་ཉེན་ཁ་མ་བྱུང་བ་རེད་ཅེས་གནས་ཚུལ་སྤེལ་འདུག

ཝ་ཤིང་ཊོན་གྱི་ངོ་རྒོལ་སྐབས་སུ་ཁ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་སིག་རྒྱ་བོ་ཁག་ཅིག་གིས་རྒྱ་གར་གཞུང་ཚབ་ཁང་གི་སྒོ་དང་སྒེའུ་ཁུང་བཅག་སྟེ་ནང་དུ་དཔུང་འཛུལ་བྱ་དགོས་ཞེས་སྐད་བརྒྱབ། སིག་རྒྱ་བོ་གཏམ་བཤད་བྱེད་མཁན་མང་ཆེ་བས་རྒྱ་གར་གྱི་ནང་ཁུལ་དུ་དྲག་ཟིང་བསླང་དགོས་པ་དང་ངོ་རྒོལ་བྱ་དགོས། རྒྱ་གར་གྱི་གཞུང་ཚབ་ཁང་ལ་གཏོར་བཅོམ་བྱ་དགོས་པའི་སྐུལ་ལྕག་བཏང་རུང་ཨ་མི་རི་ཀའི་གསང་བའི་མི་སྣ་དང་ཉེན་རྟོག་པ་ཚོས་རྒྱ་གར་གྱི་གཞུང་ཚབ་ཁང་ལ་འཕྲལ་དུ་སྲུང་སྐྱོབ་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་གར་གྱི་དོན་གཅོད་ཁང་ལ་ཁ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་ནས་སྒོ་དང་སྒེའུ་ཁུང་བཅག རྒྱ་གར་གཞུང་གིས་ལྡི་ལི་གསར་པར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་འབོད་སྐུལ་བྱས་ནས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་གར་གྱི་དོན་གཅོད་ཁང་ལ་སྲུང་སྐྱོབ་ཚུལ་བཞིན་བྱས་མ་ཐུབ་པར་ངོ་རྒོལ་བྱས་འདུག

ཁ་སང་གཟའ་ཉི་མའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྤེན་པའི་ཉིན་ཁེ་ན་ཌའི་ཝན་ཁུ་ཝར་གྲོང་ཁྱེར་དུ་སིག་རྒྱ་བོ་བརྒྱ་ཕྲག་མང་པོས་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་དགོས་ཞེས་རྒྱ་གར་གྱི་དོན་གཅོད་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ། གཟའ་ཉི་མའི་ཉིན་རྒྱ་གར་གཞུང་གིས་ལྡི་ལི་གསར་པར་བཅའ་སྡོད་ཁེ་ན་ཌའི་གཞུང་ཚབ་པ་འབོད་འགུགས་བྱས་ནས་ཁེ་ན་ཌའི་ས་ཐོག་ཏུ་གཞིས་ཚུགས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ས་མཚམས་བརྒལ་ཏེ་ངོ་རྒོལ་བྱེད་དུ་བཅུག་པར་སྐྱོན་བརྗོད་དྲག་པོ་བྱས་འདུག རྒྱ་གར་ཕྱི་སྲིད་ལྷན་ཁང་ནས་ཁེ་ན་ཌའི་གཞུང་གིས་རྒྱ་གར་གྱི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་ལ་སྲུང་སྐྱོབ་བྱ་དགོས། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཚོར་རང་གི་ལས་དོན་སྒྲུབ་ཏུ་འཇུག་དགོས་ཞེས་དགོས་འདུན་བཏོན། རྒྱ་གར་གྱི་པན་ཇབ་མངའ་སྡེའི་ཕྱི་ལོགས་སུ་སིག་རྒྱ་བོའི་མི་འབོར་མང་ཤོས་དེ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌར་འདུས་ཡོད་པའི་གནས་ཚུལ་ཐོན།།

རྒྱ་གར་གྱི་སིག་རྒྱ་བོའི་བླ་མ་ཨམ་རི་ཏ་པལ་སིང་ཞེས་པ་ཞིག་གིས་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་དགོས་ཞེས་དུས་རབས་སྔོན་མའི་ལོ་རབས་༨༠་པ་དང་༩༠་པའི་ནང་དུ་བྱུང་བའི་དྲག་ཟིང་གི་ལས་འགུལ་སླར་གསོ་བྱ་དགོས་པའི་སྐད་ཆ་རྣམས་བསྐྱར་དུ་བསླངས། དེར་བརྟན་ཕྱི་ཟླ་༣་པའི་ཚེས་༡༨་ནས་རྒྱ་གར་གྱི་ཉེན་རྟོག་པས་སིག་རྒྱ་བོའི་བླ་མ་ཨམ་རི་ཏ་པལ་སིང་རྩད་གཅོད་བྱ་རྒྱུ་འགོ་ཚུགས། རྒྱ་གར་གྱི་ཉེན་རྟོག་པ་ཚོས་ཨམ་རི་ཏ་པལ་སིང་དང་དེའི་རྒྱབ་སྐྱོར་བ་ཚོར་མི་གསོད་ཁྲག་སྦྱོར་དང་ཁྲིམས་འཛིན་གྱི་ལས་དོན་ལ་འགོག་རྐྱེན་བཟོས། སྤྱི་ཚོགས་ཀྱི་འཆམ་མཐུན་ལ་གཏོར་བརླག་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས། བདུན་ཕྲག་སྔོན་མར་རྒྱ་གར་གྱི་ཉེན་རྟོག་པ་རྣམས་ཨམ་རི་ཏ་པལ་སིང་འཛིན་བཟུང་བྱེད་དུ་བསླེབས། དེར་བརྟེན་ཁོ་པ་བྲོས་བྱོལ་དུ་སོང་སྟེ་སྐུང་ནས་བསྡད་ཡོད་པ་དང་བདུན་ཕྲག་སྔོན་མར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སིག་རྒྱ་བོ་ཚོས་རྒྱ་གར་གཞུང་གིས་ཨམ་རི་ཏ་པལ་སིང་འཛིན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་བྱས་པར་མ་ཟད། ཁོ་ཚོས་རྒྱ་གར་གྱི་གཞུང་ཚབ་ཁང་གི་ཁང་པ་ཉིས་ཐོག་ཏུ་བཙུགས་ཡོད་པའི་རྒྱ་གར་གྱི་རྒྱལ་དར་ཕབ་སྟེ་དེའི་ཤུལ་དུ་ཁ་ལི་སི་ཐན་གྱི་རྒྱལ་དར་བཙུགས།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་གར་གྱི་སིག་རྒྱ་བོ་ཚོས་རང་གི་ཡུལ་ལུང་དེར་ཁ་ལི་སི་ཐན་ཞེས་འབོད། རྒྱ་གར་ཕྱི་ནང་གཉིས་སུ་ཡོད་པའི་སིག་རྒྱ་བོ་ཁག་ཅིག་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་དགོས་པའི་འཐབ་རྩོད་ལ་ཞུགས་ཡོད་པའི་གནས་ཚུལ་སྤེལ། ཕྱི་ཟླ་༣་པའི་ཚེས་༢༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༣༠་ཐམ་པར་སོན་པའི་ཨམ་རི་ཏ་པལ་སིང་ནི་ཁ་ལི་སི་ཐན་རང་བཙན་ལས་འགུལ་ཚོགས་པའི་ཁོངས་སུ་ལྟ་གྲུབ་ཀྱི་ལམ་སྟོན་པ་ཞིག་ཡིན་ཞིང་། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་རྒྱ་གར་གྱི་སིག་རྒྱ་བོ་བརྒྱ་ཕྲག་མང་པོ་དང་མི་ཁག་ཅིག་གིས་རལ་གྲི་དང་དབྱུག་པ་འཕྱར་ནས་པན་ཇབ་མངའ་སྡེའི་སྲང་ལམ་ཁག་ཏུ་ངོ་རྒོལ་བྱུང་། ཨམ་རི་ཏ་པལ་སིང་འཛིན་བཟུང་བྱེད་མི་ཆོག་ཅེས་སྐད་འབོད་བྱས། རྒྱ་གར་གཞུང་གིས་པན་ཇབ་མངའ་སྡེའི་རྫོང་ཁག་ཚང་མར་ཉེན་རྟོག་པ་དང་དྲག་ཆས་དྲག་ཉེན་རྟོག་པ་བཀྲམ། ད་སྔ་རྒྱ་གར་གཞུང་གིས་སིག་རྒྱ་བོ་༢༠༠་ལྷག་འཛིན་བཟུང་བྱས་པ་དང་མངའ་སྡེ་ཧྲིལ་པོར་དྲྭ་རྒྱ་དང་ཁ་པར་གྱི་འབྲེལ་ཐག་བཅད་ནས་མི་ས་ཡ་༢༧་ལ་ཁ་པར་དང་དྲྭ་རྒྱ་སོགས་ཀྱི་འབྲེལ་ལམ་ཆད།།

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་སིག་རྒྱ་བོ་ཁག་ཅིག་གིས་ཨམ་རི་ཏ་པལ་སིང་གི་ཁ་བྲལ་ལས་འགུལ་ལ་ངོ་རྒོལ་བྱེད་པར་འཕྲུལ་རྟ་བཞོན་ནས་སྐོར་སྐྱོད་ཅིག་མགོ་བརྩམས། ཁོ་ཚོས་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་ཁྱེར་དུ་འཕྲུལ་རྟ་བཞོན་ཏེ་ཨམ་རི་ཏ་པལ་སིང་གིས་སྤྱི་ཚོགས་དྲྭ་ལམ་དུ་སིག་མི་རིགས་ལ་དམའ་འབེབས་བྱེད་ཀྱི་འདུག ཁོ་པར་ཉེས་ཆད་དྲག་པོ་གཅོད་དགོས་ཞེས་ཁྱབ་བསྒྲགས་སྤེལ། པན་ཇབ་མངའ་སྡེའི་ས་གནས་ཁག་གི་འགོ་ཁྲིད་ཚོས་ཀྱང་ཨམ་རི་ཏ་པལ་སིང་གིས་རང་བཙན་ལས་འགུལ་སྤེལ་གྱི་ཡོད་པར་ངོ་རྒོལ་ཡོད། ཁོ་པ་འཛིན་བཟུང་བྱ་དགོས་ཞེས་ཁ་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་རྒྱ་གར་གྱི་པན་ཇབ་མངའ་སྡེའི་གསར་ཤོག་ཁག་གི་འགོ་བརྗོད་མང་ཆེ་བ་ཨམ་རི་ཏ་པལ་སིང་རྩད་གཅོད་བྱེད་ཀྱི་ཡོད་པའི་གསར་འགྱུར་ཤ་སྟག་ཐོན། རྒྱ་གར་གྱི་ཉེན་རྟོག་པ་ཚོས་ཨམ་རི་ཏ་པལ་སིང་རང་ཁྱིམ་ནས་ལྡི་ལི་ཕྱོགས་སུ་བསྐྱོད་ཟིན་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པས་རྒྱ་གར་དབུས་གཞུང་གིས་ཨུ་ཏར་ཁན་མངའ་སྡེའི་ལྡེ་ར་ལྡུན་དང་ཧ་རི་དྷོ་ཝར། ཨུ་ཏམ་སིང་ན་གྷ་བཅས་ཀྱི་ཉེན་རྟོག་ལས་ཁུངས་ཁག་ལ་བརྡ་བརྒྱབ་ནས་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་བའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༢༤་ཉིན་རྒྱ་གར་གྱི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ཉེན་རྟོག་པ་ཚོས་ཨམ་རི་ཏ་པལ་སིང་སྤྱི་སྤྱོད་རླངས་བརྒྱུད་ནས་ལྡི་ལིའི་ཕྱོགས་སུ་བསྐྱོད་ཡོད་ངེས་དང་ཁོ་པ་སྒེར་གྱི་རླངས་འཁོར་ནང་དུ་བསྐྱོད་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ། རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གིས་ཨམ་རི་ཏ་པལ་སིང་གིས་སྐྱེས་སྨན་རང་ཁྱིམ་དུ་བཙོན་པ་ལྟར་བཀག་སྟེ་ཉེས་རྡུང་གཏོང་གི་འདུག ཁོ་པས་བུད་མེད་གཞན་པ་འགའ་ཞིག་བསྟེན། སིག་རྒྱ་བོའི་ཆོས་ལུགས་ཀྱི་ལྟ་གྲུབ་དོར་ཏེ་དྷུ་བྷེ་གྲོང་ཁྱེར་དུ་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་ཞིག་རོལ་གྱི་འདུག་ཅེས་སྐྱོན་བཙུགས། ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་ཨམ་རི་ཏ་པལ་སིང་བལ་ཡུལ་དུ་བྲོས་ནས་སྐུང་ཡོད་པའི་རྣམ་པ་འདུག རྒྱ་གར་གཞུང་གིས་བལ་ཡུལ་ལ་རྒྱལ་ཁབ་དེའི་ས་ཐོག་ཏུ་ཨམ་རི་ཏ་པལ་སིང་སྐུང་ནས་འདུག་ཏུ་མ་འཇུག ཁོ་པ་བལ་ཡུལ་ནས་རྒྱལ་ཁབ་གཞན་ཞིག་ལ་བྲོས་བྱོལ་དུ་འགྲོ་སྲིད། གལ་སྲིད་ཨམ་རི་ཏ་པལ་སིང་གིས་རྒྱ་གར་གྱི་ཕྱིར་སྐྱོད་ལག་འཁྱེར་ཁྱེར་ནས་རྒྱལ་ཁབ་གཞན་ཞིག་ཏུ་འབྲོས་ཐབས་བྱས་ན་ཁོ་པ་འཛིན་བཟུང་བྱ་དགོས་ཞེས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་རྒྱ་གར་གྱི་འཁྲབ་སྟོན་པ་དྷིབ་སི་དྷུ་འདས་གྲོངས་སུ་མ་གྱུར་བར་དུ་ཨམ་རི་ཏ་པལ་སིང་སྤྱི་ཚོགས་སུ་སྐད་གྲགས་མེད་པའི་མི་ཞིག་རེད། སི་དྷུས་རྒྱ་གར་གྱི་སིག་རྒྱ་བོའི་ཞིང་པ་ཚོས་ལོ་གཅིག་ལ་ངོ་རྒོལ་བྱས་པའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཤིང་། སྲིད་བློན་མོ་དྷིས་རྒྱ་གར་གྱི་ཞིང་ལས་དེང་རབས་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། པན་ཇབ་མངའ་སྡེའི་ཞིང་པ་ཚོ་རང་གི་ཞིང་ལས་ཐོན་སྐྱེད་ཀྱི་རིན་གོང་ཆག་རྒྱུར་སྐྲག ༢༠༢༢་ལོའི་ཕྱི་ཟླ་༢་པར་སི་དྷུ་ལ་རླངས་འཁོར་བརྡབས་ནས་སྲོག་སྐྱོན་ཕོག དེ་ནས་ཨམ་རི་ཏ་པལ་སིང་གིས་འགོ་ཁྲིད་ནས་སིག་རྒྱ་བོ་ཞིང་པ་ཚོའི་ཐོབ་ཐང་རྩོད་རྒྱུ་འགོ་ཚུགས། ཁོང་གིས་དྲྭ་ལམ་དུ་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་དབང་བསྒྱུར་འོག་ཏུ་སིག་རྒྱ་བོའི་ཆོས་ལུགས་ལ་སྲུང་སྐྱོབ་བྱ་དགོས། ཟླ་བ་སྔོན་མར་ཨམ་རི་ཏ་པལ་སིང་གིས་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་སྲིད་བློན་དམ་པ་ཨིན་དྷར་གྷན་དྷི་ལྟར་གསོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

༡༩༨༤་ལོར་རྒྱ་གར་གྱི་སྲིད་བློན་ཨིན་དྷར་གྷན་དྷིས་དམག་བཏང་ནས་སིག་རྒྱ་བོའི་གནས་མཆོག་གསེར་གྱི་ལྷ་ཁང་ཆེན་མོར་དཔུང་འཇུག་བྱས་ཏེ་ཁ་ལི་སི་ཐན་གྱི་རང་བཙན་ལས་འགུལ་ལ་དྲག་གནོན་དང་ལས་འགུལ་དེའི་འགོ་ཁྲིད་ཇར་ནལ་སིང་བྷིན་དཱ་རན་ཝལ་བསད། དེའི་རྗེས་སུ་སིག་རྒྱ་བོའི་སྐུ་སྲུང་བ་ཞིག་གིས་སྲིད་བློན་ཨིན་དྷར་གྷན་དྷི་བཀྲོངས། རྒྱ་གར་རྒྱལ་ཡོངས་སུ་ཧིན་རྡུ་བ་ཚོས་དགྲ་ལན་བསློགས་ཏེ་སིག་རྒྱ་བོ་སྟོང་ཕྲག་མང་པོ་དམར་གསོད་བྱས་ནས་མི་རིགས་ཀྱི་འགལ་ཟླ་ཆེན་པོ་ཞིག་ལངས། ༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ། སྐབས་དེར་རྒྱ་གར་གྱི་སིག་རྒྱ་བོ་ཚོས་པན་ཇབ་མངའ་སྡེ་རང་བཙན་བྱ་རྒྱུ་ཡིན་ཞེས་བསྒྲགས། ཕྱིས་སུ་པན་ཇབ་མངའ་སྡེ་དུམ་བུ་གཉིས་སུ་བཏང་སྟེ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་མངའ་འོག་ཏུ་བསྡུས། རྒྱ་གར་དབུས་གཞུང་གིས་རྟག་ཏུ་སིག་རྒྱ་བོའི་ཆོས་ལུགས་དང་རིག་གཞུང་། ས་གནས་ཀྱི་ལས་དོན་ཁག་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་སོང་བ་བཅས་ཀྱིས་ཁ་ལི་སི་ཐན་རང་བཙན་བྱ་རྒྱུའི་ལས་འགུལ་ཤུགས་ཆེ་རུ་སོང་། ཁེ་ན་ཌ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་རྒྱུའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG