ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་རྒྱ་གར་ལ་རྟ་དབང་ཁུལ་གྱི་རྒྱ་དམག་མཐར་སྐྲོད་གཏོང་རོགས་བྱས་སམ། 


༄༅།། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་སྔ་ལོ་ཨ་མི་རི་ཀའི་དམག་གིས་རྒྱ་གར་ལ་སྔོན་ཆད་བྱུང་མྱོང་མེད་པའི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ནས་མོན་རྟ་དབང་ཁུལ་དུ་རྒྱ་ནག་གི་དམག་དཔུང་སིམ་འཛུལ་བྱུང་བ་མཐར་སྤྲོད་གཏོང་རོགས་བྱས་པ་རེད་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༣་པའི་ཚེས་༢༤་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྟ་དབང་ཁུལ་ནས་རྒྱ་དམག་མཐར་སྤྲོད་བཏང་བར་པེ་ཅིང་གི་དབང་འཛིན་པ་རྣམས་ཧང་སང་སྟེ་ཁོང་ཁྲོས་བརྟས། རྒྱ་ནག་གིས་མཐའ་མཚམས་ནས་གཞན་གྱི་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པར་གྱུར། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་གར་གྱི་དམག་ལ་འཁོར་སྐར་གྱིས་བླངས་པའི་འདྲ་པར་དང་རྒྱ་དམག་གི་འགུལ་སྐྱོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་འགོར་འགྱངས་མེད་པར་དུས་ཐོག་ཏུ་མཁོ་སྤྲོད་བྱུང་ཞིང་། ན་ནིང་ཕྱི་ཟླ་༡༢་པའི་ཚེས་༩་ཉིན་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་མོན་རྟ་དབང་ཁུལ་དུ་ལག་འཛིང་ཐུག་སྟེ་ཕྱོགསགཉིས་ཀྱི་དམག་མི་འགའ་ཤས་རྨས།།

རྒྱ་གར་གྱི་དུས་བབ་ཚགས་པར་ལ་ཨ་མི་རི་ཀས་གསང་བའི་གནས་ཚུལ་སྤྲད་པའི་རྗེས་སུ་རྒྱ་གར་གྱི་དམག་གིས་གྲ་སྒྲིག་ཆ་ཚང་བྱས་ཏེ་འཇབ་སྒུག་བྱས་ནས་བསྡད། དེ་ནི་ཨ་མི་རི་ཀ་དང་རྒྱ་གར་གྱི་དམག་གིས་མཉམ་འབྲེལ་དང་་གསང་བའི་གནས་ཚུལ་སྤྲོད་རེས་བྱ་རྒྱུའི་གྲོས་མཐུན་བཞག་པར་གྲུབ་འབྲས་ཆེན་པོ་ཐོན་པ་ཞིག་རེད། ༢༠༢༠་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཕྱོགས་གཉིས་ཀྱི་དམག་གི་འབྲེལ་བ་ཡར་རྒྱས་དང་གསང་བའི་གནས་ཚུལ་སྤྲོད་རེས་བྱ་རྒྱུའི་གྲོས་མཐུན་བཞག གྲོས་མཐུན་དེ་རྒྱ་གར་དང་ཨ་མི་རི་ཀའི་དམག་གི་འཐབ་ཇུས་དང་ལག་རྩལ། གསང་བའི་གནས་ཚུལ་སྤྲོད་རེས་ཀྱི་གྲོས་མཐུན་བཞག་པ་ཐེངས་༤་པ་ཡིན་མོད། རྒྱ་གར་དང་ཨ་མི་རི་ཀའི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་ཡོངས་གྲགས་ཡིན་རུང་ཕྱོགས་གཉིས་ཀྱིས་ལག་བསྟར་ཐུབ་པའི་གསང་བའི་གནས་ཚུལ་དུས་ཐོག་ཏུ་སྤྲོད་རེས་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་བྱུང་བ་ཐེངས་དང་པོ་ཡིན་འདུག ཕོ་བྲང་དཀར་པོའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིར་གསར་འགོད་པ་ཚོས་གནས་ཚུལ་དེ་བདེན་པ་རེད་དམ་ཞེས་དྲིས། ཁོང་གིས་ངས་གནས་ཚུལ་དེ་བདེན་པ་ཡིན་མིན་ངེས་གཏན་བྱེད་མི་ཐུབ་ཅེས་ལན་བཏབ།།

རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༢་ཀྱི་ཕྱི་ཟླ་༡༢་པའི་ཚེས་༩་ཉིན་རྒྱ་དམག་༣༠༠་ལྷག་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་བྱུང་། རྒྱ་གར་གྱི་དམག་གིས་རྒྱ་དམག་ལ་གཏོར་རྒོལ་བྱས་ནས་རྒྱ་གར་བའི་དམག་མི་༦་ལ་རྨས་སྐྱོན་དང་རྒྱ་དམག་དེ་ལས་མང་བ་ཞིག་ལ་རྨས་སྐྱོན་ཕོག རྒྱ་དཀར་ནག་གི་འབྲེལ་ཡོད་དམག་དཔོན་ཚོས་འཕྲལ་དུ་རང་རང་གི་དམག་དཔུང་ཕྱིར་འཐེན་བྱས་ནས་འཁྲུག་རྩོད་ཞི་འཇམ་གཏོང་ཐབས་སུ་འབད། ཁོ་ཚོས་མོན་རྟ་དབང་ཕྱོགས་ཀྱི་ས་མཚམས་དེར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གཙིགས་སུ་བཟུང་། མོན་ཡུལ་གྱི་ས་མཚམས་ཁག་ཅིག་ལ་རྒྱ་དཀར་ནག་གཉིས་ཀས་སྐོར་གཡེང་བྱེད་ཀྱི་ཡོད་པར་མ་ཟད། ༢༠༠༦་ནས་ལམ་སྲོལ་དེ་འགོ་ཚུགས་པ་ཞིག་རེད་ཅེས་རྒྱ་གར་གྱི་དམག་གི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་ཨ་མི་རི་ཀས་རྒྱ་གར་ལ་རྒྱ་དམག་གང་དུ་ཡོང་གི་ཡོད་མེད་དང་རྒྱ་དམག་གི་གྲངས་འབོར། ཁོ་ཚོས་གང་དུ་བཙན་ས་བཟུང་ཡོད་མེད་དང་མཚོན་ཆ་ཅི་ཞིག་བཙུགས་ཡོད་མེད་རྣམས་སྔོན་ནས་རྒྱ་གར་ལ་མཁོ་སྤྲོད་བྱས་པ་རེད་ཅེས་གནས་ཚུལ་སྤེལ།།

མོན་རྟག་དབང་ནི་༡༩༦༢་ལོར་རྒྱ་དཀར་ནག་གིས་ཧིན་བོད་ས་མཚམས་སུ་དམག་འཁྲུག་རྒྱག་ས་ལྟེ་བ་ཞིག་ཡིན་ཞིང་། ཕྱི་ཟླ་༣་པའི་ཚེས་༢༣་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༧༡་ལ་སོན་པའི་ཐུབ་བསྟན་ཚེ་དབང་ཞེས་པ་ཞིག་གིས་༡༩༦༢་ལོའི་དམག་འཁྲུག་སྐབས་སུ་རྒྱ་དམག་རྣམས་ཕྱོགས་ཡོངས་ནས་བསླེབས་བྱུང་། ང་ནི་སྐབས་དེར་ལོ་༡༡་ཡིན་པ་དང་རྒྱ་གར་གྱི་དམག་གིས་ས་གནས་ཁག་ཅིག་ཏུ་འགོག་རྒོལ་དྲག་པོ་བྱས་ཀྱང་འགོག་མ་ཐུབ། མི་རྣམས་བྲོས་བྲོལ་དུ་འགྲོ་ཡི་ཡོད་པ་དང་ཅང་མ་འགོར་པར་རྒྱ་དམག་གིས་རྟ་དབང་བླངས་སོང་། ཟླ་བ་གཅིག་ཡས་མས་ཤིག་ལ་རྒྱ་དམག་གིས་རྟ་དབང་བཟུང་བའི་རྗེས་སུ་ཕྱིར་འཐེན་བྱས་སོང་ཞེས་སྐབས་དེའི་དམག་འཁྲུག་གི་བྱུང་བ་རྣམས་ཕྱིར་དྲན་བྱས་ནས་བཤད། ད་ལྟ་ལོ་༦༠་ལྷག་གི་རྗེས་སུའང་མོན་རྟ་དབང་གི་ས་མཚམས་ཁག་ཏུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་རྒྱག་གྲབས་བྱེད་ཀྱི་ཡོད་པ་དང་དེང་སྐབས་རྒྱ་དཀར་ནག་གཉིས་ཀར་རྡུལ་ཕྲན་མཚོན་ཆ་ཡོད་པས་དམག་འཁྲུག་གི་ཛ་དྲག་སྔར་ལས་ཤུགས་ཆེ་རུ་སོང་། སྔ་ལོའི་ཕྱི་ཟླ་༡༢་པའི་རྒོལ་འཛིང་དེས་རྒྱ་དཀར་ནག་གཉིས་ཀར་༡༩༦༢་ལོའི་དམག་འཁྲུག་དྲན་སྐུལ་བསླངས།།

མོན་པ་ཚོས་དམག་འཁྲུག་གི་དཀའ་ངལ་དང་འཇིགས་སྣང་རྣམས་བརྗེད་ཐུབ་ཀྱི་མེད་ཀྱང་འབྱུང་འགྱུར་ལ་རེ་ལྟོས་བཟང་པོ་ཞིག་འཆང་གི་ཡོད་པའི་གནས་ཚུལ་ཐོན། དཔེར་ན་རྒན་པོ་ཐུབ་བསྟན་ཚེ་དབང་གིས་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་༡༩༦༢་ནས་ད་ལྟའི་བར་དུ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སོང་ཞེས་བཤད། མཁའ་མོ་ཞེས་པའི་མོན་པའི་བུད་མེད་གྱོན་གོས་འཚོང་མཁན་ཞིག་གིས་ཀྱང་ས་མཚམས་ཀྱི་འཁྲུག་རྩོད་དེར་ང་ཚོའི་འཚོ་བར་དབང་བསྒྱུར་བྱེད་དུ་འཇུག་གི་མེད། གསར་འགྱུར་ལས་ཁང་ཁག་གིས་མཚམས་སུ་ཛ་དྲག་འབྱུང་གི་ཡོད་པའི་འུར་སྒྲོགས་ཆེན་པོ་བྱེད་ཀྱི་འདུག་ཅེས་བསྟན། དེ་བཞིན་བསྟན་འཛིན་དར་རྒྱས་ཞེས་པའི་ཚོང་ཁང་བདག་པོ་ཞིག་གིས་ཀྱང་མོན་རྟ་དབང་གི་གནས་སྟངས་ནི་ས་གནས་གཞན་ཁག་དང་འདྲ་བར་ཞི་འཇམ་རེད། ས་མཚམས་སུ་གནས་ཚུལ་ཆུང་ཚགས་རེ་བྱུང་ཡང་གསར་འགྱུར་ལས་ཁང་ཁག་གིས་འུར་བརྒྱབ་སྟེ་ཆེ་རུ་གཏོང་གི་འདུག ང་ཚོར་ནི་གནས་ཚུལ་དེ་རྒྱུན་ལྡན་ཞིག་རེད་ཅེས་བཀྲལ། ཡིན་ནའང་འཆི་མེད་དགོན་པའི་འཁྲིས་སུ་བསྡད་ཡོད་པའི་རྒན་པོ་ཐུབ་བསྟན་ཚེ་དབང་གིས་༡༩༦༢་ལོར་ས་གནས་འདིར་རྒྱ་ལམ་འཛུགས་སྐྲུན་བྱས་ཡོད་པ་མ་རེད། ང་ཚོ་ཉིན་མཚན་མེད་པར་བདེ་འཇགས་ཀྱི་ས་ཁུལ་ཞིག་ཏུ་བྲོས་པ་ཡིན་ཞེས་དཀའ་ངལ་རྣམས་བགྲངས།།

བྷི་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༧༡་ལ་སོན་པའི་རྒན་པོ་བློ་བཟང་ཚེ་རིང་ཞེས་པ་ཞིག་གིས་ཀྱང་༡༩༦༢་ལོའི་དམག་འཁྲུག་གི་ཉམས་མྱོང་རྣམས་བརྗེད་ཐུབ་ཀྱི་མེད་ཅིང་། ཁོང་ཕ་མའི་མཉམ་དུ་རྒྱ་གར་གྱི་ཨ་སམ་མངའ་སྡེར་བྲོས། ༡༩༦༢་ལོའི་ཕྱི་ཟླ་༡༡་པའི་ནང་དུ་རྒྱ་དམག་གིས་མེ་འཕེན་མཚམས་འཇོག་བྱས་ནས་ཕྱིར་འཐེན་བྱས་ཀྱང་མོན་པ་མང་ཆེ་བ་རང་གནས་སུ་ཕྱིར་ལོག་བྱ་རྒྱུར་སྐྲག ང་ཚོར་དམག་འཁྲུག་མཚམས་བཞག་པ་རེད། ཁྱེད་ཚོ་རང་གནས་སུ་ཕྱིར་ལོག་བྱེད་ཆོག་གི་རེད་ཅེས་བཤད་ཀྱང་མི་མང་པོས་དེ་ལ་ཡིད་མ་ཆེས་པ་དང་དམག་འཁྲུག་མཚམས་བཞག་པ་ཤེས་ཀྱི་མི་འདུག་ཅེས་བཤད། ལོ་ན་༧༦་ལ་སོན་པའི་རྒན་མོ་ལྷ་མོ་ནོར་བུ་ཞེས་པ་ཞིག་ནས་མི་ཁག་ཅིག་གིས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་རེད་བསམས་འདུག ང་ཚོ་ཡང་༡༩༦༢་ལོར་ཨ་སམ་ལ་བྲོས་པ་ཡིན་ཞེས་བཤད། ལོ་༦༠་ལྷག་གི་ཡར་སྔོན་གྱི་དམག་འཁྲུག་སྐབས་དེར་ལོ་ན་༢༠་ཡས་མས་སུ་སོན་པའི་རིན་ཆེན་རྡོ་རྗེ་ཞེས་པ་ཞིག་གིས་རྒྱ་ལམ་ཐོག་ཏུ་རྒྱ་གར་གྱི་དམག་མི་བསད་པའི་ཕུང་པོ་ལུས་ཡོད་པ་རྣམས་མཐོང་མྱོང་། ངས་མཐོང་ཐོས་དེ་ཚོ་བརྗེད་དུ་འཇུག་གི་ཡོད་ཀྱང་བརྗེད་ཐུབ་ཀྱི་མི་འདུག་ཅེས་སྨྲས།།

Tawang in Arunachal province India
Tawang in Arunachal province India

མོན་རྟ་དབང་དུ་རྒྱ་གར་བའི་དམག་མི་འདས་པོ་རྣམས་ཀྱི་དྲན་རྟེན་རྡོ་རིང་ཞིག་བསླངས་ཡོད་པ་དེའི་ཐོག་ཏུ་རྒྱ་གར་གྱི་དམག་མི་༢༤༢༠་དམག་འཁྲུག་ནང་དུ་ཤི་བའི་མིང་རྣམས་བསྐོས རྒྱ་གར་གྱི་དམག་མིའི་རྨོག་ཞྭ་མདེའུ་ཕོག་པ་རྣམས་ཀྱང་མདུན་དུ་བཤམས། མོན་པ་ཁག་ཅིག་གིས་༡༩༦༢་ལོའི་དམག་འཁྲུག་གི་ཉམས་མྱོང་བརྗེད་དུ་འཇུག་གི་མེད་པ་སྟེ། རྟ་དབང་ནས་དབྱིན་ལེ་༢༢་ཀྱི་མཚམས་སུ་བྱང་ཞེས་པའི་གྲོང་རྡལ་ཞིག་ཏུ་རིན་ཆེན་སྒྲོལ་མ་ཞེས་པ་ཞིག་གིས་རྒྱ་ལམ་ཟུར་དུ་ཟ་ཁང་ཞིག་ཕྱེ་ཡོད་པ་དེར་༦༢་ཟ་ཁང་ཞེས་མིང་བཏགས། ཁོ་མོས་རྒྱ་གར་གྱི་དྲག་ཆས་དཔུང་སྡེའི་ཁོངས་སུ་ལོ་༢༡་ལ་སྲི་ཞུ་བསྒྲུབས་ནས་ལས་འཁྱུར་སོང་། རིན་ཆེན་སྒྲོལ་མས་ང་ཚོའི་མི་རབས་རྒན་པ་ཚོར་དམག་འཁྲུག་གི་དཀའ་སྡུག་ཆེན་པོ་ཕྲད་པ་རེད། ཟ་ཁང་༦༢་ནི་དམག་འཁྲུག་གི་དཀའ་སྡུག་མྱོང་མཁན་ཐམས་ཅད་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག ༡༩༥༠་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་༡༩༥༩་ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་གཞུང་ས་དགའ་ལྡན་ཕོ་བྲང་། བོད་པ་ཁྲི་ཚོ་༨་ཙམ་མོན་རྟ་དབང་སོགས་བརྒྱུད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར།།

རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་པོ་བོད་ཀྱི་ལྷོ་ཕྱོགས་ཡིན། དེ་ནི་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཞེས་རྩོད་པ་རྒྱག་རྒྱུ་མཚམས་མི་འཇོག ༢༠༢༡་ལོར་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཆ་ཁག་བཅོ་ལྔའི་ས་མིང་རྣམས་བསྒྱུར་ཏེ་རྒྱ་གར་དང་རྩོད་པ་ཆེན་པོ་བྱུང་། རྒྱ་ནག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་ཡུལ་དུ་ཕེབས་ཀྱང་དགག་པ་བརྒྱབ། རྒྱ་གར་གྱིས་དམག་མི་ཁྲི་ཚོ་མང་པོ་མོན་ཡུལ་གྱི་ས་མཚམས་ཁག་ཏུ་བཀྲམ་ཡོད་པ་དང་ལོ་ཤས་གོང་ནས་རྒྱ་གར་གཞུང་ནས་མོན་ཡུལ་གྱི་བུམ་ལ་བར་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཆོག་པའི་ཐག་བཅད། མོན་ཡུལ་གྱི་དཔལ་འབྱོར་དང་མི་དམངས་ཀྱི་ཡོང་འབབ་ཕལ་མོ་ཆེ་རྒྱ་གར་གཞུང་གི་ལས་བྱེད་པ་དང་དམག་སྒར་ཁག དྲག་ཆས་དཔུང་སྡེ་དང་ཡུལ་སྐོར་སྤྲོ་འཆམ་བཅས་ལ་བརྟེན་དགོས། རྒྱལ་བ་སྐུ་ཕྲེང་དྲུག་པོ་ཚངས་དབྱངས་རྒྱ་མཚོ་མོན་ཡུལ་དུ་འཁྲུངས་པས་མོན་རྟ་དབང་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པ་ཚོ་གནས་སྐོར་དུ་བསྐྱོད་ཡུལ་གཙོ་བོ་ཞིག་ཡིན་འདུག ཕྱི་ཚུལ་ནས་བལྟས་ན་མོན་རྟ་དབང་ཡང་རྒྱ་གར་གྱི་རི་གྲོང་གཞན་ལྟར་མགྲོན་ཁང་དང་ཟ་ཁང་མང་པོ། ཁྲོམ་གཞུང་ཆུང་ཆུང་དང་འཛུགས་སྐྲུན་གྱི་འདུ་འཛི་ཆེ་ཡང་ཞིབ་ཏུ་བལྟས་ན་མོན་རྟ་དབང་ནི་བོད་པའི་དགོན་པ་དང་ལྷ་ཁང་། བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཁྱབ་པའི་ས་ཁུལ་ཞིག་རེད་ཅེས་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

XS
SM
MD
LG