ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བལ་ཡུལ་གྱི་དབུལ་ཕོངས་ཚོར་བཟའ་འབྲུ་ཆད་སྲིད་པའི་དཀའ་ངལ། 


༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ལུང་གཤོང་དུ་ཏོག་དབྱིབས་ནད་རླབས་གཉིས་པ་ཁྱབ་སྟེ་འདས་པའི་བདུན་ཕྲག་གསུམ་གྱི་རིང་དུ་འགྲོ་འོང་བཀག ད་ལྟ་སླར་ཡང་བལ་ཡུལ་གཞུང་གིས་རྒྱལ་སའི་མངའ་ཁུལ་དུ་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་བདུན་ཕྲག་གཅིག་ཕར་འགྱངས་བྱ་རྒྱུའི་འཆར་གཞི་ཡོད་པས་མི་དམངས་དབུལ་ཕོངས་ཚོར་བཟའ་བཏུང་ཆད་སྲིད་པའི་བློ་འཚབ་ཇེ་ཆེར་སོང་། དེ་རིང་ཕྱི་ཟླ་༥་པའི་ཚེས་༢༥་གཅིག་པུར་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༨༣༨༧་བྱུང་བ་དང་མི་༡༦༩་ལ་འཆི་སྐྱོན། ད་ལྟའི་བར་དུ་བལ་ཡུལ་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༥༢༠༣༦༡་བྱུང་ཡོད་པ་དང་༦༥༣༡་ལ་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་ཀྱང་འཕྲོད་བསྟེན་མཁས་པ་ཚོས་བལ་ཡུལ་གཞུང་གིས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག བལ་ཡུལ་གྱི་གྲོང་ཁྱེར་ཁག་ཏུ་ནད་ཡམས་ཁྱབ་ཀྱི་ཡོད་པ་ཤེས་རྟོགས་གསལ་པོ་ཞིག་ཐུབ་ཀྱི་མེད་པ་དང་གྲོང་གསེབ་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཡོད་ཀྱི་ཡོད་པའི་གྲངས་འབོར་ནི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་མང་བ་ཡོད་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་གླེང་། རྒྱལ་ས་ཀ་ཐ་མན་རྡུའི་རྫོང་དཔོན་གཙོ་བོ་ཀ་ལི་པ་ར་ས་ཏ་པ་ར་ཇུ་ལིས་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། བལ་ཡུལ་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་དུས་ཡུན་ཕར་འགྱངས་བྱས་པ་དང་ཞོགས་པར་ཉོ་ཆ་རྒྱག་པའི་དུས་ཡུན་ཐུང་དུ་བཏང་བའི་སྟབས་ཀྱིས་མི་ཚོགས་ཀྱི་འཚང་ཁ་ཇེ་ཆེར་སོང་། མི་ཚོགས་ཀྱི་འཚང་ཁ་ཅི་ཙམ་ཆེ་ན་དེ་ཙམ་གྱིས་ནད་དུག་འགོ་ཁྱབ་འགྲོ་སྲིད་པའི་ཉེན་ཁ་འདུག་ཅེས་བཤད། ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༢༩་ནས་ཀ་ཐ་མན་རྡུ་དང་ལ་ལི་ཏ་པུར། བྷག་ཏ་པུར་བཅས་རྒྱལ་སའི་མངའ་ཁུལ་གྱི་རྫོང་ཁག་གསུམ་གྱིས་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་འགོ་ཚུགས།།

དེང་སྐབས་བལ་ཡུལ་གྱི་རྒྱལ་སའི་མངའ་ཁུལ་ཙམ་མ་ཡིན་པར་རྒྱལ་ཡོངས་ལ་ཛ་དྲག་མིན་པའི་ལས་རིགས་ཁག་མཚམས་བཞག་སྟེ་མི་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་ཆོག་པ། བལ་ཡུལ་གཞུང་གིས་འགྲིམ་འགྲུལ་དང་ཚོང་ལས་རྣམས་བཀག་སྟེ་བལ་པོའི་མི་དམངས་དཀྱུས་མ་ཕལ་མོ་ཆེའི་ལས་ཀ་ཤོར། དངུལ་ཁང་ཁག་ཏུ་གསོག་དངུལ་མེད་པ་དང་ལས་ཁུངས་མེད་པ། ཚོང་ལས་སོགས་ཀྱི་མ་རྩ་མེད་པ་དང་ཉིན་གླའི་ཡོང་འབབ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་དགོས་པའི་བལ་པོ་རྣམས་ལ་བཟའ་བཏུང་ཆད་རྒྱུའི་མཚམས་དེར་བསླེབས། གྷ་ནེ་ཤི་ནེ་པ་ལི་ཞེས་པའི་སྐྱེས་པ་ལོ་ན་༤༠་ཅན་ཞིག་གིས་གསར་འགོད་པར་ང་ཚོར་བཟའ་བཏུང་དང་དངུལ་སྒོར་གཉིས་ཀ་ཚར་སོང་། ང་ལ་ལས་ཀ་མེད་པར་ཟླ་བ་གཅིག་ལྷག་ཕྱིན་པ་དང་འགྲོ་འོང་བཀག་སྡོམ་ཟླ་བ་གཅིག་ལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ངས་འཕྲལ་དུ་འབྲས་སྤྱི་རྒྱ་༡༥་དང་སྣུམ་སྤྱི་རྒྱ་དོ་ཉོས་པ་ཡིན། ད་ནི་འབྲས་དང་སྣུམ་སོགས་ཚང་མ་ཚར་སོང་། ང་ལ་ཟ་འབྲུ་ཉོ་བའི་དངུལ་སྒོར་མེད་ཅེས་དཀའ་ངལ་བགྲངས། བལ་པོ་སྐྱེས་པ་དེའི་ཆུང་མ་ནི་ནད་པ་ཞིག་ཡིན་པ་དང་ཁྱིམ་ཚང་དེར་བུ་ཆུང་ཞིག་བཅས་བཟའ་མི་གསུམ་འདུག ཁོ་ཚོ་མ་ཁེ་བྷ་རི་གྲོང་གསེབ་ནས་ཡིན་པ་དང་ས་ཞིང་ཆུང་ཆུང་ཞིག་ཡོད་པ་འདེབས་ལས་བྱས་ཀྱང་ལོ་རེར་རང་ཁ་གསོ་ཐུབ་པའི་འབྲུ་རིགས་ཐོན་སྐྱེད་བྱེད་མི་ཐུབ། དེར་བརྟེན་བལ་པོའི་ཁྱིམ་ཚང་དེ་འཚོ་ཐབས་གསར་པ་དང་ཡག་པོ་ཞིག་རྙེད་རྒྱུའི་རེ་ལྟོས་འཆང་སྟེ་གྲོང་གསེབ་ནས་རྒྱལ་ས་ཀ་ཐ་མན་རྡུ་གྲོང་ཁྱེར་དུ་བསླེབས་པ་ཞིག་ཡིན་ཞིང་། བལ་ཡུལ་གྱི་རྒྱལ་སའི་མངའ་ཁུལ་དུ་ནེ་པ་ལི་ལྟ་བུའི་མི་མང་དབུལ་ཕོངས་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པ་སྟེ། ལོ་ན་༣༣་ལ་སོན་པ་ཀིར་ཤི་ན་བྷ་སི་ཡལ་ཞེས་པའི་བུད་མེད་ཅིག་ལའང་དཀའ་ངལ་གཅིག་མཚུངས་ཤིག་འཕྲད། བུད་མེད་དེར་ཁྱོ་ག་དང་ལོ་ན་༧་ལ་སོན་པའི་བུ་ཆུང་ཞིག་ཡོད་པ་རྣམས་ཀིརྟི་པུར་ས་གནས་ཀྱི་གླ་ཁང་ཞིག་གི་ནང་དུ་བསྡད། དེང་སྐབས་ཁོ་ཚོས་ཁང་གླ་ཡང་སྤྲོད་མི་ཐུབ་པའི་ཚད་དེར་བསླེབས་འདུག

བྷ་སི་ཡལ་གྱིས་སྔ་ལོ་དུས་ཡུན་ཟླ་བ་༤་ལ་འགྲོ་འོང་བཀག་སྡོམ་བྱས་ཀྱང་ང་ཚོར་གསོག་དངུལ་ཅུང་ཙམ་ཡོད་པས་དཀའ་ངལ་ཕྲད་མ་སོང་། ད་ལྟ་གསོག་དངུལ་རྣམས་རྫོགས་པ་དང་དཀའ་ངལ་ཇེ་ཆེ་རེད། ང་ནི་ལོ་༦་གི་གོང་དེར་སིན་རྡུབ་པལ་གྲོང་གསེབ་ནས་རྒྱལ་སར་ཡོང་བ་ཡིན། ངའི་ཁྱོ་ག་གླ་གཏོང་རླངས་འཁོར་ཁ་ལོ་བ་ཞིག་ཡིན། ད་ལྟ་རླངས་འཁོར་བདག་པོས་རླངས་འཁོར་ཁ་ལོ་བ་མི་དགོས། ཁོ་པ་རང་གིས་རླངས་འཁོར་གཏོང་རྒྱུ་ཡིན་ཞེས་བཤད་ནས་ཁྱོ་གར་ལས་ཀ་མེད་པར་གྱུར་སོང་། ང་ལ་ཚེམ་བཟོ་ཁང་ཞིག་ཏུ་ལས་ཀ་ཞིག་ཡོད་པ་ནི་ང་ཚོའི་འཚོ་བའི་ཡོང་འབབ་ཁོ་ན་ཡིན། འོན་ཀྱང་ཉེ་དུས་ཤིག་ནས་ཚེམ་བཟོ་ཁང་སྒོ་བརྒྱབ་སྟེ་ང་ལའང་ལས་ཀ་མེད། སྔ་ལོ་ཀིརྟི་པུར་གྲོང་ཁྱེར་གཞུང་གིས་མི་དམངས་ལ་ཟ་འབྲུ་བགོ་འགྲེམ་བྱས་སོང་། ད་ལོ་ང་ཚོ་ལྟ་བུའི་དཀའ་ངལ་ཅན་གྱི་མི་གྲངས་ཇེ་མང་དུ་སོང་སྟེ་གྲོང་ཁྱེར་གཞུང་གིས་ཀྱང་ཟ་འབྲུ་བགོ་འགྲེམ་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད། ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་ཀིརྟི་པུར་གྲོང་ཁྱེར་གཞུང་ལ་འདྲི་རྩད་བྱས་ཀྱང་ལོ་འདིར་མི་མང་དབུལ་ཕོངས་ཚོར་ཟ་འབྲུ་སོགས་བགྲོ་འགྲེམ་བྱ་འཆར་མེད། དེའི་ཚབ་ཏུ་དགོས་ངེས་ཅན་ཚོར་གྲོང་ཁྱེར་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། སུ་ཞིག་ལ་ལས་ཀ་དགོས་ན་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་སུ་ཤོག ང་ཚོས་ཆུ་ཚོད་རེར་བལ་སྒོར་༥༠༡་རེའི་གླ་ཕོགས་ཡོད་པའི་ལས་ཀ་ཞིག་འཚོལ་ཆོག་ཅེས་གསར་འགོད་པར་ལན་བཏབ། གསར་འགོད་པས་མི་ཅི་ཙམ་ལ་ལས་ཀ་བཙལ་ནས་རོགས་སྐྱོར་བྱས་ཡོད་ཅེས་དྲིས་ཚེ། ཀིརྟི་པུར་གྲོང་ཁྱེར་གཞུང་གི་ལས་སྣེ་དེར་ལན་གདབ་རྒྱུ་མེད་པ་དང་བལ་ཡུལ་གྱི་ཆ་མཉམ་གླ་ཕོགས་ནི་ཆུ་ཚོར་རེར་བལ་སྒོར་༤༧༠་ཡས་མས་རེ་ཡིན་འདུག

གསར་འགོད་པར་ལ་ལི་ཏ་པུར་གྲོང་ཁྱེར་སྲིད་གཞུང་ལ་མི་མང་དབུལ་ཕོངས་ཚོར་རོགས་སྐྱོར་ཅི་ཞིག་བྱེད་ཀྱི་ཡོད་ཅེས་དྲིས། གྲོང་ཁྱེར་སྲིད་གཞུང་དེའི་མགྲིན་ཚབ་པ་ར་ཇུ་མ་ཧ་ར་ཇན་གྱིས་ལ་ལི་ཏ་པུར་གྲོང་ཁྱེར་གཞུང་གིས་ཐག་གཅོད་གང་ཡང་བྱས་མེད། གལ་ཏེ་འགྲོ་འོང་བཀག་སྡོམ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ན་མི་མང་དཀའ་ངལ་ཅན་ཚོར་རོགས་སྐྱོབ་གང་འཚམ་ཞིག་བྱ་སྲིད་ཅེས་ལན་བཏབ། དེ་བཞིན་ཀ་ཐ་མན་རྡུ་གྲོང་ཁྱེར་གཞུང་ལའང་དཀའ་ངལ་ཅན་ཚོར་དགོས་ངེས་ཀྱི་རོགས་སྐྱོར་སྤྲོད་རྒྱུའི་འཆར་གཞི་མེད་ཅིང་། ཀ་ཐ་མན་རྡུ་གྲོང་ཁྱེར་ནི་བལ་ཡུལ་གྱི་ཉིན་གླར་བརྟེན་པའི་ལས་མི་མང་ཤོས་ཡོད་པའི་ས་ཁུལ་ཞིག་ཡིན་ཞིང་། ཀ་ཐ་ན་རྡུང་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པ་ཌན་གྷོལ་གྱིས་སུ་ཞིག་གླ་ཁང་ནང་དུ་བསྡད་ཡོད་པ་དང་ཁང་བདག་གི་ངོ་སྦྱོར་ཡིག་ཆ་སྟོན་རྒྱུ་ཡོད་ན་ང་ཚོས་མི་དེར་ལས་ཀ་བཀོད་སྒྲིག་བྱེད་ཆོག ང་ཚོར་གྲོང་ཁྱེར་གྱི་མངའ་ཁོངས་སུ་འཛུགས་སྐྲུན་གྱི་ལས་ཀ་མང་དག་ཅིག་ཡོད་ཅེས་བཤད། གསར་འགོད་པས་གྲོང་ཁྱེར་གཞུང་གིས་མི་མང་དབུལ་ཕོངས་ཚོར་ལས་ཀ་སྤྲད་ནས་འཚོ་བའི་དཀའ་ངལ་སེལ་ཐབས་འདིས་མི་ཅི་ཙམ་ལ་ཕན་ཐོགས་བྱུང་སོང་ཞེས་དྲིས། ཀིརྟི་པུར་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པ་དང་འདྲ་བར་ཀ་ཐ་ན་རྡུ་གྲོང་ཁྱེར་གཞུང་གི་མགྲིན་ཚབ་པ་ལའང་མི་གྲངས་འདི་ཙམ་ལ་ལས་ཀ་བཀོད་སྒྲིག་བྱས་ནས་འཚོ་བའི་དཀའ་ངལ་སེལ་ཡོད་ཅེས་ལན་འདེབས་བྱ་རྒྱུ་མ་རྙེད། གོང་འཁོད་གྲོང་ཁྱེར་གཉིས་ཀར་ལས་ཀ་དགོས་ཞེས་སྙན་ཞུ་འབུལ་མཁན་གཅིག་ཀྱང་མ་བྱུང་ཡང་མགྲིན་ཚབ་པ་གཉིས་ཀས་ང་ཚོས་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཀྱི་ཡོད་ཅེས་ཨུ་ཚུགས་བརྒྱབ། གུར་དང་འགྱིག་ཤོག་གི་ཁང་པའི་ནང་དུ་འཚོ་གནས་བྱེད་བཞིན་པའི་བལ་པོ་དབུལ་ཕོངས་ཚོར་ཁང་བདག་གི་ངོ་སྦྱོར་ཡིག་ཆ་ལེན་ས་མེད་པས་རྒྱལ་སའི་མངའ་ཁུལ་གྱི་གྲོང་ཁྱེར་སྲིད་གཞུང་ཁག་གི་ལས་ཀ་འཐོབ་ཀྱི་མེད་པ་རེད།།

གྷ་ནེ་ཤི་ནེ་པལ་ལྟ་བུའི་ངལ་རྩོལ་བ་མང་དག་ཅིག་གིས་གྲོང་ཁྱེར་སྲིད་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་ཀྱི་ཡོད་ཟེར་བ་དེར་དགེ་མཚན་མི་འདུག མི་མང་པོ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཕྱི་ལ་སྐྱོད་དཀའ་བ་དང་ནད་པ་མང་ཆེ་བའི་ལུས་ཟུངས་ཟད་ནས་ངལ་རྩོལ་རྒྱུག་དཀའ། ང་ཚོ་ནད་ཡམས་ཀྱི་རྦ་རླབས་ཁྲོད་དུ་ཡོད་པ་དང་ཁྱིམ་ཚང་མང་ཆེ་བའི་བཟའ་མི་ཚང་མར་ནད་དུག་འགོས་ཡོད་པ་ནི་གྲངས་ལས་འདས། ནད་ཡམས་ཀྱི་དཀའ་ངལ་འདི་འདྲ་ཞིག་གི་འོག་ཏུ་ང་ཚོ་ངལ་རྩོལ་བརྒྱུགས་ནས་རང་ཁ་གསོ་ཐབས་ཇི་ལྟར་བྱ་དགོས་པ་རེད་ཅེས་དྲིས། བལ་ཡུལ་གྱི་ས་ཞིང་མེད་པའི་དམངས་གཙོ་མཉམ་འབྲེལ་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༧་ལོར་རྒྱལ་ས་ཀ་ཐ་མན་རྡུ་ལུང་གཤོང་དུ་ཁྲིམས་འགལ་བྱས་ནས་གཞིས་ཆགས་པའི་ཁྱིམ་ཚང་༢༩༠༠༠་ཡོད་ཀྱང་ཀ་ཐ་མན་རྡུ་གྲོང་ཁྱེར་གཞུང་གིས་ཁྱིམ་ཚང་༢༩༠༠༠་ལྷག་གྲོང་ཁྱེར་གྱི་མི་འབོར་ཁོངས་སུ་བཅུག་སྟེ་གཞི་གྲངས་སུ་མ་བཀོད། ཕྱི་ཟླ་༥་པའི་ཚེས་༥་ཉིན་ཀ་ཐ་མན་རྡུ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་འགྲོ་འོང་བཀག་སྡོམ་རིང་དེར་སུ་གཅིག་གིས་ཀྱང་བཀྲེས་ལྟོགས་མྱངས་ནས་འཆི་དགོས་ཐུག་རྒྱུ་མ་རེད་ཅེས་ཡིག་ཟམ་ཚར་པར་གྱི་གསར་འགོད་པར་བཤད། ན་ནིང་བལ་ཡུལ་གཞུང་གིས་འགྲོ་འོང་བཀག་སྡོམ་བྱས་པའི་སྐབས་དེར་འཚོ་བའི་དཀའ་ངལ་མེད་པ་དང་ཁང་པ་ཡོད་མཁན་ཚོས་ཀྱང་གྲོང་ཁྱེར་སྲིད་གཞུང་ཁག་ལ་རོགས་སྐྱོར་ཞུས་ནས་གཡོ་ཁྲམ་བྱས་འདུག ད་ལོ་བལ་ཡུལ་གྱི་གྲོང་ཁྱེར་སྲིད་གཞུང་ཁག་གིས་དངུལ་སྒོར་དང་ཟ་འབྲུ་སོགས་ཐད་ཀར་རོགས་སྐྱོར་མ་སྤྲད་པར་མི་མང་ལ་ལས་ཀ་བཀོད་སྒྲིག་བྱ་རྒྱུའི་ཐབས་ཇུས་ཤིག་ལག་ལེན་བསྟར་ནས་གཡོ་ཁྲམ་འགོག་ཐབས་བྱ་དགོས་ཐུག་འདུག

XS
SM
MD
LG