ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་འདས་གྲོངས།


Kashopa Jamyang Choegya
Kashopa Jamyang Choegya

༄༅།། ཕྱི་ཟླ་༣་པའི་ཚེས་༢༤་ཉིན་གྱི་ཞོགས་པར་ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་ལོ་ན་༨༢་ཐོག་ཏུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་སྨན་ཁང་ཞིག་ཏུ་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག ཁོང་ལ་བདུན་ཕྲག་གཅིག་གི་སྔོན་དུ་ལོན་ཌོན་གྱི་སྨན་ཁང་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་ཞིང་། ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་ནི་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་བོད་ཕྱི་ལོགས་སུ་རྐྱེན་འདས་སུ་གྱུར་པ་བོད་པ་གཉིས་པ་དེར་གྱུར་འདུག སྤྱིར་ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་ལ་སྐྲན་ནད་ཐེངས་གཉིས་བྱུང་སྟེ་གྲོངས་དུས་གློ་སྐྲན་གྱི་སྙུང་གཞི་བཞེས་ཡོད་པའི་གནས་ཚུལ་ཐོན་འདུག

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཀྱི་འགག་རྩ་ཁག་ལ་འབྲེལ་བ་ཡོད་པའི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུན་གྲུབ་ཀྱི་བུ་རྒན་པ་ཡིན་པ་དང་༡༩༣༨་ལོར་བོད་ཀྱི་རྒྱལ་སར་འཁྲུངས། ཁོང་གིས་ལོ་ན་ཆུང་དུས་ནས་བོད་དང་རྒྱ་གར་གྱི་རྡོ་རྗེ་གླིང་། ཕྱིས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་བཅས་སུ་སློབ་གཉེར་གནང་སྟེ་བོད་རྒྱ་དབྱིན་གསུམ་ལ་བྱང་ཆུབ་པར་མ་ཟད། ཁོང་ལ་རྒྱ་སྐད་ཀྱི་བསམ་བློ་གཏོང་ཕྱོགས་ཀྱི་ཤུགས་རྐྱེན་ཡང་གཏིང་ཟབ་མོ་ཞིག་ཐེབས་ཡོད་སྐད། རྒྱ་ནག་གཞུང་གིས་ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་གྲས་སུ་བསྐོ་བཞག་བྱས་ཀྱང་༡༩༩༡་ལོར་ཕྱི་རྒྱལ་ལ་གཞུང་འབྲེལ་གྱི་འཚམས་འདྲི་ཞིག་ཏུ་ཕེབས་པའི་སྐབས་སུ་སྐྱབས་བཅོལ་ཞུས་ནས་རང་ཡུལ་དུ་མ་ལོག འདི་ནི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་བོད་པ་ཞིག་གིས་ཕྱི་རྒྱལ་ལ་མགོ་བཏགས་ཞུས་པ་ཐོག་མ་དེ་ཡིན་སྲིད་ཅེས་བཀོད་འདུག

ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་བཙན་བྱོལ་དུ་བཞུགས་པའི་རྗེས་སུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་ལོ་༢༠་ལྷག་གི་རིང་དུ་ལོ་ཙཱ་བ་དང་སློབ་སྟོན་པ། ཉམས་ཞིབ་པ་བཅས་ཀྱི་ཕྱག་ལས་གནང་བའི་ཞོར་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༣་པ་དང་༡༤་པའི་སྲི་ཞུ་ལ་ཞུགས་ཞེས་པ་སྟེ། ཁོང་གི་ཡབ་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ལྷུང་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་ཤིག་འཁོད་པའི་དབྱིན་ཡིག་གི་དཔེ་དེབ་ཅིག་ཀྱང་བྲིས་འདུག དཔེ་དེབ་འདི་ནི་བཀའ་ཤོད་པ་ཆོས་རྒྱལ་ཉི་མར་བོད་ཀྱི་སྤྱི་ཚོགས་སུ་ལྟ་སྟངས་དང་གླེང་ཕྱོགས་སྣ་ཚོགས་ཤིག་ཡོད་པར་ཀ་ཤོད་པ་ཁྱིམ་ཚང་གིས་དགག་སྒྲུབ་དང་དག་སྐྱེལ་བྱས་པའི་དེབ་ཅིག་ཡིན་པ་རེད།

ད་ནངས་སྔ་དྲོར་ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱི་ངོ་ཤེས་ཤིག་སྨན་ཁང་ལ་ཐུག་འཕྲད་དུ་འབྱོར་བའི་དུས་སུ་ཁོང་གིས་མི་ངོ་ཟིན་ཐུབ་ཀྱི་མེད་ཀྱང་དབུགས་རྒྱུན་ལྷོད་པོ་ཞིག་འབྱིན་རྔུབ་བྱེད་ཀྱི་འདུག ངོ་ཤེས་དེས་ང་ཁྱེད་རང་གི་འཁྲིས་སུ་བསྡད་ཡོད། ཁྱེད་རང་གིས་གང་ཐད་དུ་ཐུགས་ཁྲལ་མ་གནང་། གཏན་བདེའི་ཞི་བའི་གླིང་དུ་གཤེགས་པར་འཚལ་ཞེས་རྣ་ལམ་དུ་སྒྲོགས་པ་ཡིན། དེ་ནས་ཅང་མ་འགོར་པར་ཀ་ཤོད་འཇམ་དབྱངས་ཆོས་རྒྱལ་གྱི་དབུགས་རྒྱུན་འབྱིན་རྔུབ་ཆད་སོང་། འདས་པོ་དེར་ན་ཟུག་དང་སྐྲག་དངངས་སོགས་ཅི་ཡང་མེད་པར་ཞི་འཇམ་དུ་འདས་གྲོངས་སུ་གྱུར་སོང་ཞེས་བཤད་འདུག

XS
SM
MD
LG