ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༣/༡༢/༠༦

ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ། 


ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི། 
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི། 

༄༅།། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱིས་རང་གི་སྲིད་འཛིན་གཞོན་པའི་འོས་མི་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧེ་རི་སི་བདམས། ཇཱོ་བྷ་ཌན་གྱིས་རང་གི་རྒྱབ་སྐྱོར་པ་ཚོར་ཀ་མ་ལ་ཧེ་རི་སི་ནི་འཇིགས་ཞུམ་མེད་པའི་འཐབ་རྩོད་པ་ཞིག་རེད། ཁོ་མོར་ཤེས་འཇོན་གཉིས་ལྡན་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆ་རྐྱེན་འཛོམས་འདུག ཀ་མ་ལ་ཧེ་རི་སི་ནི་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་བཅག་ནས་ཨ་མི་རི་ཀའི་གཟི་བརྗིད་དང་ཡ་རབས་སྤྱོད་བཟང་གི་རང་གཤིས་སླར་གསོ་བྱེད་པར་འཐབ་རྩོད་བྱེད་ཕོད་པའི་བུད་མེད་ཅིག་རེད་ཅེས་བསྒྲགས། ལོ་ངོ་༢༠་ལྷག་གི་ཀ་མ་ལ་ཧེ་རི་སིའི་ངོ་ཤེས་དང་གྲོས་ཚོགས་གོང་མའི་ཕྱག་སྦྲེལ་ཏེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀོ་རི་བྷུ་ཁར་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། གྲོས་ཚོགས་འཐུས་མི་ཀ་མ་ལ་ཧེ་རི་སི་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་། འཐབ་རྩོད་ཀྱི་ཁོར་ཡུག་ཅིག་ཏུ་འཚར་ལོངས་བྱུང་སྟེ་རང་གི་མདུན་ལམ་དེ་ཉིད་འཐབ་རྩོད་ཀྱི་ལམ་ནས་བཙལ་ཡོང་བ་ཞིག་རེད། ད་ལྟའི་བར་དུ་ཀ་མ་ལ་ཧེ་རི་སི་ཡིས་དཀའ་ངལ་དང་འགོག་རྐྱེན་རབ་དང་རིམ་པ་ཞིག་བརྒལ་ནས་ཐེམ་པ་རིམ་འཛེགས་བྱས་པ་ཞིག་རེད་ཅེས་བསྔགས་བརྗོད་བྱས་འདུག ཨ་རིའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་དང་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཉམས་ཞིབ་པ་ཚོས་ཇཱོ་བྷ་ཌན་གྱིས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་འཕྱུག་མི་འདུག ༢༠༢༠་ལོའི་འོས་འདེམས་སྐབས་འདིར་ཨ་རིའི་དམངས་གཙོ་ཚོགས་པར་ཀ་ལ་ཧེ་རི་སི་ལས་ལྷག་པའི་སྲིད་འཛིན་གཞོན་པའི་འོས་མི་ཞིག་གདམ་རྒྱུ་མི་འདུག་ཅེས་དགའ་བསུ་ཞུས་འདུག

ལོ་ན་༥༥་ལ་སོན་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཀ་མ་ལ་ཧེ་རི་སི་༡༩༦༤་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་ཨོཀ་ལན་ཌི་གྲོང་ཁྱེར་དུ་སྐྱེས་ཤིང་། ཁོ་མོའི་ཨ་མ་ཤཱ་མཱི་ལ་གྷོ་པ་ལཱན་ནི་རྒྱ་གར་གྱི་ཏ་མིལ་ན་དྷུ་མངའ་སྡེ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་སླེབས་པའི་ནུ་མའི་སྐྲན་ནད་ཉམས་ཞིབ་ཀྱི་ཚན་རིག་པ་ཞིག་ཡིན་པ་དང་། ཁོ་མོའི་ཨ་ཕ་ཌོ་ནལ་ཌི་ཧེ་རི་སི་ནི་ཇཱ་མཱེ་ཁ་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་སླེབས་པའི་སི་ཊན་ཧྥོར་ཌི་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཞིག་རེད། ཀ་མ་ལ་ཧེ་རི་སི་ནི་མི་རིགས་འདྲེས་མའི་བུ་ཕྲུག་ཅིག་ཡིན་རུང་རྟག་ཏུ་རང་ཉིད་ཨ་མི་རི་ཀ་བ་ཞིག་ཡིན་ཞེས་མི་རིགས་ཀྱི་འདུ་ཤེས་བརླགས་མྱོང་མེད་ཅིང་། ཁོ་མོ་ཨ་རིའི་བྷར་ཁེ་ལི་གྲོང་ཁྱེར་དུ་འཚར་ལོངས་བྱུང་སྟེ་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་མི་རིགས་ནག་པོའི་སློབ་ཆེན་རྩེ་ཕུད་ཧོ་ཝར་ཌི་སློབ་གྲྭ་ཆེན་མོ་འགྲིམས། དེ་ནས་ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་ཧེ་སི་ཊིང་སི་ཁྲིམས་ལུགས་སློབ་གླིང་དུ་ཁྲིམས་ལུགས་སློབ་སྦྱོང་མཐར་ཕྱིན། ཐོག་མར་ཀ་མ་ལ་ཧེ་རི་སི་ཡིས་ཨ་ལ་མེ་དྷ་གྲོང་ཁྱེར་གྱི་ཁྲིམས་འཛིན་ལས་ཁུངས་དང་དེ་ནས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་གྱི་ཁྲིམས་འཛིན་ལས་ཁུངས། ༢༠༠༣་ལོར་ཨ་མི་རི་ཀའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་གྱི་ཁྲིམས་འཛིན་པར་འདེམས་ཐོན་བྱུང་། ༢༠༡༠་ལོར་ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པར་འདེམས་ཐོན་བྱུང་བར་མ་ཟད། ༢༠༡༤་ལོར་སླར་ཡང་མངའ་སྡེ་དེའི་སྤྱི་ཁྱབ་ཁྲིམས་འཛིན་པར་འདེམས་ཐོན་བྱུང་ཞིང་། ཁོ་མོས་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པའི་ལས་ཁུར་བཞེས་པའི་རིང་དེར་ཉེས་ཁྲིམས་གཅོད་རྒྱུ་ཐལ་གྱི་འདུག་ཅེས་བཅོས་སྒྱུར་དོན་གཉེར་བ་ཚོས་སྐྱོན་བཙུགས། ༢༠༡༦་ལོར་ཀ་མ་ལ་ཧེ་རི་སི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་། སྔ་ལོ་ཁོ་མོ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་ཞུགས་ཀྱང་འོས་འདེམས་ལས་འགུལ་གྱི་འགྲོ་གྲོན་སོགས་འདང་ངེས་མེད་པར་ལོ་འདིའི་ཕྱི་ཟླ་༣་པར་སྲིད་འཛིན་འོས་མིར་འགྲན་ཞུགས་བྱ་རྒྱུ་མཚམས་བཞག་སྟེ་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱས།།

ཀ་མ་ལ་ཧེ་རི་སི་ཡིས་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་ཆུང་ཁག་གི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་ཟུར་པ་ཇཱེབ་སེ་ཤེན་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་འོས་མི་ཁེ་ཝྭ་ནོ་སོགས་ལ་འདྲི་གཅོད་ནན་པོ་བྱས་ནས་སྙན་གྲགས་རྒྱས། ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཟུར་པ་ཇཱེབ་སེ་ཤེན་གྱིས་ང་ལ་ཁྲིམས་ཁང་གི་ཁྲིམས་ཞིབ་པས་འདྲི་གཅོད་བྱེད་ཀྱི་ཡོད་པ་ལྟར་སྐད་ཆ་དྲིས་ན་དངངངས་འཚབ་ལང་གི་འདུག་ཅེས་གྲོས་ཚོགས་འཐུས་མི་ཀ་མ་ལ་ཧེ་རི་སི་ཡིས་དྲི་བ་དྲིས་པ་ཞིག་ལ་ལན་བཏབ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་འགྲན་སྡུར་དུས་སུའང་ཇཱོ་བྷན་གྱིས་ཨ་རིའི་གྲོས་ཚོགས་གོང་མར་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་ཏེ་མི་འབུམ་ཕྲག་མང་པོ་སྡུག་ལ་སྦྱར་པ་རེད། ཁོ་མོས་ཇཱོ་བྷ་ཌན་ལ་ཐད་ཀར་མིག་གིས་ཕུར་ཚུགས་སུ་བལྟས་ནས་ཁྱོད་ཀྱིས་རྒྱབ་སྐྱོར་བྱས་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འོག་ཏུ་དཀའ་ངལ་མྱོང་མཁན་བྱུང་བ་དེ་དག་གི་གྲས་ཀྱི་བུ་མོ་ཆུང་ཆུང་ཞིག་ང་ཡིན་ཞེས་ཁ་གཏད་དྲག་པོ་བཅག་ནས་ཇཱོ་བྷ་ཌན་གྱི་སྐྱོན་མཚང་བཏོན། ཀ་མ་ལ་ཧེ་རི་སི་ཡིས་སྲིད་འཛིན་འོས་མིའི་འགྲན་རྩོད་མཚམས་བཞག་པའི་རྗེས་སུ་ཇཱོ་བྷ་ཌན་སེམས་པའི་གཏིང་ནས་མི་རིགས་དབྱེ་འབྱེད་པ་ཞིག་མ་རེད། ངས་སྲིད་འཛིན་འོས་མིའི་འགྲན་སྡུར་དུས་སུ་ཇཱོ་བྷ་ཌན་ལ་སྐྱོན་བརྗོད་བྱས་པ་ཡིན། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་འདེམས་དུས་སུ་ཇཱོ་བྷ་ཌན་ལ་སྐྱོན་བརྗོད་དྲག་པོ་བྱས་པ་དང་ཁ་གཏད་དུ་ཤུགས་ཆེན་པོ་ལངས་པར་དགོངས་པ་མ་འཚོམས་ཞེས་བཟོད་གསོལ་ཞུས་ནས་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཌོ་ནལ་ཊམ་ཕམ་ཉེས་གཏོང་རྒྱུ་དེར་ཤུགས་སྣོན་བརྒྱབ། གྲོས་ཚོགས་འཐུས་མི་ཀ་མ་ལ་ཧེ་རི་སི་ཁ་ལྕེ་རྣོན་པོ་དང་ལས་དོན་གྱི་གནད་འགག་ངོས་འཛིན་ཐུབ་པ། ཁོ་མོ་གཏན་ནས་ཕམ་གྱོང་མི་ཁུར་པའི་མི་ཞིག་ཡིན་པ་བཅས་ལ་སྐད་གྲགས་ཡོད་པ་རེད།།

ཨ་མི་རི་ཀའི་སྲིད་དོན་ཉམས་ཞིབ་པ་ཚོས་ཀ་མ་ལ་ཧེ་རི་སི་ནི་དམངས་གཙོ་ཚོགས་པའི་མི་རབས་གསར་པའི་གྲས་ཀྱི་འགོ་ཁྲིད་གནད་འགག་ཅན་ཞིག་ལ་འགྱུར་རྒྱུའི་སྔོན་དཔག་བྱས་པ་ལྟར་ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱིས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས། ཐེངས་འདིར་ཨ་རིའི་དམངས་གཙོ་ཚོགས་པས་ཀ་མ་ལ་ཧེ་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་ཀྱང་ལོ་བཞིའི་རྗེས་སུ་ཀ་མ་ལ་ཧེ་རི་སི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་རྒྱུའི་རྩིས་རྒྱག་གི་ཡོད་པ་སྟེ། ད་ལྟ་ཇཱོ་བྷ་ཌན་ལོ་ན་༧༧་ཡིན་པ་དང་ཁོ་པར་ཕྱི་ཟླ་༡༡་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་ཚེ། ལོ་བཞིའི་སྲིད་འཛིན་གྱི་ལས་དུས་མཇུག་བསྒྲིལ་དུས་ལོ་ན་༨༡་ལ་སླེབས་ཀྱི་ཡོད་པས་ཇཱོ་བྷ་ཌན་བསྐྱར་དུ་སྲིད་འཛིན་འོས་མིར་མ་ལངས་པར་ཀ་མ་ལ་ཧེ་སི་རི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པ་རེད། སྲིད་དོན་ཉམས་ཞིབ་པ་ཚོས་ཇཱོ་བྷ་ཌན་གྱིས་རང་གི་སྲིད་འཛིན་གཞོན་པའི་འོས་མིར་ཀ་མ་ལ་ཧེ་རི་སི་བདམས་པར་དགེ་མཚན་འགའ་ཞིག་འདུག གཅིག་ནི་ཀ་མ་ལ་ཧེ་རི་སི་མི་རིགས་ནག་པོ་ཡིན་པའི་སྟབས་ཀྱིས་ཨ་རིའི་མི་རིགས་ནག་པོ་དང་གྲངས་ཉུང་མི་རིགས། ལྷག་པར་དུ་ཨ་རིའི་སྤྱི་དམངས་སུ་གྱུར་པའི་རྒྱ་གར་བ་ཚོས་ཀ་མ་ལ་ཧེ་རི་སི་ལ་བསམ་བློ་བཏང་ནས་ཇཱོ་བྷ་ཌན་ལ་འོས་ཤོག་འཕེན་རྒྱུ་རེད། གཉིས་ནས་ཨ་མི་རི་ཀའི་དམངས་གཙོ་ཚོགས་པས་སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པ་མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་འདྲ་དམངས་གཙོ་ཚོགས་པར་སྐྱོན་འཛུགས་བྱ་ས་རྙེད་རྒྱུ་མ་རེད། གསུམ་ནས་ཨ་མི་རི་ཀའི་བུད་མེད་དང་ན་གཞོན་ཚོས་ཀ་མ་ལ་ཧེ་རི་སིའི་འཇོན་ཐང་དང་ཤེས་ཚད། བུད་མེད་ལ་ཐོབ་ཐང་འདྲ་མཉམ་དགོས་པའི་ལངས་ཕྱོགས་འཛིན་གྱི་ཡོད་པ་བཅས་ལ་བལྟས་ནས་འོས་ཤོག་འཕེན་རྒྱུ་རེད་ཅེས་ཕྱོགས་བསྡོམས་བརྒྱབ་འདུག

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གྲོས་ཚོགས་འཐུས་མི་ཀ་མ་ལ་ཧེ་རི་སི་ལ་རང་གི་མི་རིགས་ཀྱི་འབྱུང་ཁུངས་དང་རིག་གཞུང་མ་འདྲ་བ་གཉིས་ཀྱིས་ཤུགས་རྐྱེན་ཐེབས་པ་བཅས་ལ་བཅར་འདྲི་ཞུས། ཁོ་མོས་ངའི་ཨ་མ་ནི་རྒྱ་གར་བ་ཡིན་པ་དང་རྒྱ་གར་གྱི་རིག་གཞུང་ལ་དགའ་སྤོབས་ཆེན་པོ་བྱེད་ཀྱི་རེད། ང་དང་སྲིང་མོ་མ་ཡ་གཉིས་ཀར་ཨ་མས་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་རྣམས་སློབ་ཀྱི་རེད། ང་ཚོ་རྟག་ཏུ་ལོ་ངོ་རེ་ཟུང་གི་རྗེས་སུ་རྒྱ་གར་ལ་འགྲོ་ཡི་ཡོད། ང་ལ་ཨ་མའི་འཕྲོ་ནས་ཤུགས་རྐྱེན་ཆེ་ཤོས་ཐེབས་མཁན་གྱི་མི་ཞིག་ཡོད་པ་ནི་ཨ་མྱེས་ཕི་ཝྭི་གྷོ་པ་ལཱན་ཡིན། ཁོང་གིས་རྒྱ་གར་གྱི་མངའ་སྡེ་རིམ་པའི་དྲུང་ཆེ་ཞིག་གི་གོ་གནས་བཟུང་མྱོང་བ་དང་རྒྱ་གར་གྱི་རང་བཙན་འཐབ་རྩོད་པའི་གྲས་ཤིག་ཀྱང་རེད། ང་ཆུང་དུས་ཨ་མྱེས་ཀྱི་མཉམ་དུ་མ་དྷ་ར་སིའི་མཚོ་འགྲམ་དུ་འཆམ་འཆམ་ལ་ཕྱིན་པ་ད་དུང་ཡང་གསལ་པོ་དྲན་གྱི་འདུག ངའི་མི་རྒྱུད་དང་ང་སུ་ཡིན་པ། ང་ལ་ཕ་མ་དང་གཉེན་ཚན། གྲོགས་པོ་གྲོགས་མོ་དང་སློབ་སྟོན་པ་སོགས་སྐྱེ་བོ་མང་དག་ཅིག་གིས་ཤུགས་རྐྱེན་ཐེབས་ཡོད་པར་སྤོབས་པ་ཡོད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་དང་རྙིང་ཞེན་གྱི་ལྟ་བ་འཛིན་པའི་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་ཇཱོ་བྷ་ཌན་གྱིས་ཨ་རིའི་མི་རིགས་ནག་པོར་ངོ་གསོ་ཡི་ཡོད་པ་རེད། ཁོ་པར་སྔ་ལོའི་དམངས་གཙོ་ཚོགས་པའི་སྔོན་འགྲོའི་འོས་འདེམས་དུས་སུ་ཕམ་གྲབས་སུ་གྱུར་པས་ལྷོ་ཁེ་རོ་ལེ་ན་མངའ་སྡེའི་མི་རིགས་ནག་པོ་ཚོས་བསྐྱབས་པ་རེད། ཀ་མ་ལ་ཧེ་རི་སི་བུད་མེད་ཡིན་པ་དང་མི་རིགས་ནག་པོ་ཡིན་པ་བཅས་ལ་བལྟས་ན་དམངས་གཙོ་ཚོགས་པ་ཁ་ཕྱོགས་གང་ལ་སྐྱོད་ཀྱི་ཡོད་མེད་ཧ་ཅང་གསལ་པོ་རེད། ཇཱོ་བྷ་ཌན་གྱིས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་ནས་ཕྱི་ཟླ་༡༡་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་འཆང་གི་ཡོད་ཀྱང་ལོ་བཞིའི་གོང་དུ་ཨ་རིའི་མི་རིགས་ནག་པོས་ཧི་ལ་རི་ཁེ་ལིན་ཊོན་ཆུ་ལ་གཡུགས་པ་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་གཉིས་ཀྱིས་མ་བརྗེད་པ་བྱ་དགོས་ཞེས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG