༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་དམག་སྤྱི་ཟུར་པ་ཨོ་སི་ཊོན་རྒྱལ་སྲུང་དྲུང་ཆེར་བདམས། གལ་སྲིད་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རྒྱབ་སྐྱོར་དང་མོས་མཐུན་གྱི་འོས་ཤོག་འཕངས་ན་མི་རིགས་ནག་པོ་ཞིག་ཨ་རིའི་རྒྱལ་སྲུང་དྲུང་ཆེར་འདེམས་བསྐོ་བྱུང་བ་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་ཞིང་། ཇཱོ་བྷ་ཌན་གྱིས་མི་རིགས་དཀར་པོ་མ་ཡིན་པའི་སྐར་མ་བཞི་ཅན་གྱི་མི་རིགས་ནག་པོའི་དམག་སྤྱི་ཟུར་པ་ཞིག་ཨ་རིའི་སྲིད་གཞུང་གསར་པའི་རྒྱལ་སྲུང་དྲུང་ཆེར་འདེམས་སྒྲུག་བྱས་པ་ནི་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་ལོ་རྒྱུས་ལ་འགྱུར་བ་བཏང་བ། ཁོང་གིས་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་ཁོངས་སུ་མི་རིགས་སྣ་འཛོམས་ཀྱི་ལས་སྣེ་ཁག་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་རྣམས་ལག་ལེན་བསྟར་གྱི་ཡོད་པ་ཞིག་མཚོན་ཐུབ། དམག་སྤྱི་ཨོ་སི་ཊོན་གྱིས་ཨི་རཀ་གི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་བཀོད་འདོམས་ཀྱི་ལས་འགན་ཁུར་ཏེ་༢༠༡༦་ལོར་བགྲེས་ཡོལ་ལ་སོང་། ཉེ་དུས་ཤིག་ནས་ཨ་རིའི་ཉམས་ཞིབ་པ་མང་དག་ཅིག་གིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སྲིད་ཇུས་འགན་འཛིན་ཟུར་པ་མཱི་ཤཱེལ་ཧྥུ་ལོ་ནོ་ཡེ་དང་དམག་སྤྱི་ཟུར་པ་ཨོ་སི་ཊོན་གཉིས་ཀྱི་གང་རུང་ཞིག་ཨ་རིའི་རྒྱལ་སྲུང་དྲུང་ཆེར་འདེམས་སྒྲུག་བྱ་འཆར་འདུག་ཅེས་བསྒྲགས། ཡིན་ནའང་མཐའ་མཇུག་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པའི་བློན་ཆེན་ཁག་གི་འོས་མིའི་གྲས་སུ་མཱི་ཤཱེལ་ཧྥུ་ལོ་ནོ་ཡེའི་མིང་ཐོན་མེད་པ་རེད།།
༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་དུས་སུ་གྲངས་ཉུང་མི་རིགས་ཀྱི་མི་མང་འོས་ཤོག་འཕེན་མཁན་ཚོས་ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ལ་འོས་ཤོག་འཕངས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ལྷག་པར་དུ་ཨ་མི་རི་ཀའི་མི་རིགས་ནག་པོ་བརྒྱ་ཆ་ཧ་ཅང་མང་པོ་ཞིག་གིས་ཇཱོ་བྷ་ཌན་ལ་འོས་ཤོག་འཕངས་ནས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པས་ཨ་རིའི་མི་རིགས་ནག་པོའི་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ་སོགས་ཀྱིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་ཨ་མི་རི་ཀའི་རྒྱལ་སྲུང་དང་ཁྲིམས་འཛིན་ལྷན་ཁང་ལྟ་བུའི་གནད་ཡོད་ལྷན་ཁང་ཁག་གི་དྲུང་ཆེའི་ས་མིག་དེར་མི་རིགས་ནག་པོའི་ལས་སྣེ་རྣམས་བསྐོ་བཞག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཇཱོ་བྷ་ཌན་དང་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ཀྱི་སྲིད་གཞུང་རྩིས་ལེན་ལས་དོན་ཚོགས་ཆུང་ནང་ཁུལ་གྱི་གྲོས་མོལ་ཁག་ལ་རྒྱུས་མངའ་ཡོད་པའི་མི་ཚོས་གསར་འགྱུར་མཁོ་སྤྲོད་བྱས་པ་ལྟར་ན། ཐོག་མར་ཇཱོ་བྷ་ཌན་གྱིས་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲུང་ཆེ་ཟུར་པ་ཇཱེ་ཇཱོན་སན་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་རྒྱུའི་བསམ་ཞིབ་བྱས་སོང་། ཡིན་ནའང་ཇཱོན་སན་གྱི་དུས་སུ་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གིས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་ཕྱིར་སློག་བྱས་པ་དང་བཟའ་མི་ཁ་གཏོར་བཏང་ནས་བཀག་ཉར། འཇིགས་སྐུལ་རིང་ལུགས་པ་ཚོར་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་མང་དཀྱུས་མ་བསད་པའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པས་ཨ་རིའི་གྲོས་ཚོགས་སུ་ཇཱོན་སན་ལ་མོས་མཐུན་དང་རྒྱབ་སྐྱོར་འཐོབ་ཐུབ་རྒྱུ་ཁག་པོ་ཡིན་པས་མཐའ་མཇུག་དམག་སྤྱི་ཟུར་པ་ཨོ་སི་ཊོན་ལ་གཏན་ཁེལ་སོང་ཞེས་བཤད། མཱི་སི་སི་ཕིའི་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཐོམ་སན་གྱིས་དམག་སྤྱི་ཨོ་སི་ཊོན་ལ་ཉམས་མྱོང་དང་བྱས་རྗེས་གཟེངས་སུ་ཐོན་ཡོད་པ་ཞིག་སྟོན་རྒྱུ་ཡོད་པས་ཨ་རིའི་རྒྱལ་སྲུང་དྲུང་ཆེ་མཆོག་ཏུ་གྱུར་པ་ཞིག་ལ་འགྱུར་ངེས་རེད་ཅེས་བསྔགས་བརྗོད་བྱས་ཤིང་། ཇཱོ་བྷ་ཌན་གྱིས་དམག་སྤྱི་ཨོ་སི་ཊོན་དངོས་སུ་དམག་འཁྲུག་ལ་ཞུགས་པའི་ཉམས་མྱོང་དང་དམག་གི་དཔུང་སྡེའི་ནང་ཁུལ་དུ་གུས་ཞབས་ཆེན་པོ་ཡོད་པའི་ཆ་ནས་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱས་པ་རེད་ཅེས་བཤད།།
༢༠༠༧་ལོར་ཨ་མི་རི་ཀའི་ཨི་རཀ་ལ་དམག་དཔུང་ཁ་སྣོན་བཏང་བ་དང་༢༠༡༡་ལོར་ཨ་མི་རི་ཀའི་དམག་དཔུང་རྣམས་ཨི་རག་ནས་ཕྱིར་འཐེན་བྱས་པའི་ལས་དོན་ཁག་ལ་དམག་སྤྱི་ཨོ་སི་ཊོན་གྱིས་ནུས་པ་ཆེན་པོ་ཐོན། སྲིད་འཛིན་ཨོ་བྷ་མའི་དུས་ནས་དམག་སྤྱི་ཨོ་སི་ཊོན་དང་ཇཱོ་བྷ་ཌན་གཉིས་ངོ་ཤེས་སུ་གྱུར། ད་ལྟ་དམག་སྤྱི་ཨོ་སི་ཊོན་བགྲེས་ཡོལ་ལ་ཕེབས་ནས་ལོ་༧་འགོར་མེད་པས་ཨ་རིའི་གྲོས་ཚོགས་སུ་མོས་མཐུན་དང་རྒྱལ་སྐྱོར་གྱི་འོས་ཤོག་འཐོབ་རྒྱུ་ཡིན་མིན་བཤད་དཀའ། ཨ་མི་རི་ཀའི་ཁྲིམས་ལུགས་སུ་དམག་སྤྱི་གང་ཞིག་བགྲེས་ཡོལ་ལ་ཕེབས་ནས་ལོ་༧་འགོར་མེད་ན་རྒྱལ་སྲུང་དྲུང་ཆེ་སོགས་ལ་བསྐོ་བཞག་བྱེད་ཆོག་གི་མེད་ཅིང་། སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་དྲུང་ཆེ་དང་པོ་དེར་དམག་སྤྱིའི་ཇཱིམ་མ་ཊི་སི་བསྐོས། ཁོ་པ་བགྲེལ་ཡོལ་ལ་ཕེབས་ནས་ལོ་༧་འགོར་མེད་པས་ཨ་རིའི་གྲོས་ཚོགས་ཀྱིས་དེ་ལ་དམིགས་བསལ་གྱིས་ཆོག་མཆན་བཀོད། ད་ལྟ་སླར་ཡང་དམག་སྤྱི་ཟུར་པ་ཨོ་སི་ཊོན་ལ་དམིགས་བསལ་གྱི་ཆོག་མཆན་བཀོད་ནས་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་རྒྱུ་དེར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་མོས་མཐུན་ཡོད་མེད་ངེས་གཏན་བྲལ། འཇོར་ཇཱི་ཊོན་སློབ་གྲྭ་ཆེན་མོའི་སློབ་དཔོན་བྷུ་རུཀ་སི་ཡིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་གཙོ་བོ་དེར་དམག་དོན་མི་སྣ་མ་ཡིན་པ་ཞིག་བསྐོ་བཞག་བྱེད་སྲོལ་ཡོད། ཨ་མི་རི་ཀའི་དམག་སྤྱི་ཟུར་པ་ཞིག་རྒྱལ་སྲུང་དྲུང་ཆེར་བསྐོས་ན་རྒྱལ་སྲུང་ལྷན་ཁང་གི་ལས་སྣེའི་ཁོངས་སུ་དམག་དང་དམག་དོན་མི་སྣ་མ་ཡིན་པ་གཉིས་དོ་མཉམ་དགོས་པའི་ལམ་སྲོལ་ལ་འགལ་ཟླ་འབྱུང་ས་རེད། རྒྱལ་སྲུང་གི་དབང་ཆ་ཡོད་ཚད་དམག་དོན་མི་སྣ་ཁག་གིས་བཟུང་བ་དང་ཨ་རིའི་དམག་ལ་དབང་ཆ་ཆེ་དྲགས་ན་ཡག་པོ་མེད། ཨ་རིའི་རྒྱལ་སྲུང་དྲུང་ཆེར་ངེས་པར་དུ་བུད་མེད་ཅིག་བསྐོ་བཞག་བྱ་དགོས། ཌོ་ནལ་ཊམ་གྱིས་དམག་སྤྱི་ཟུར་པ་མ་ཊི་སི་དང་ཁེ་ལི། མེཀ་མ་སི་ཊར་དང་ཧྥི་ལིན་སོགས་ཨ་མི་རི་ཀའི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཁག་གི་ས་མིག་དེ་ཚོར་བསྐོ་བཞག་བྱས་ནས་གླེང་སློང་མང་དག་ཅིག་བྱུང་ཡོད་ཅེས་ནེའུ་ཡོཀ་དུས་བབ་ཚགས་པར་ནང་དུ་བསམ་ཚུལ་བྲིས་འདུག
ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་ཀྱང་ཇཱོ་བྷ་ཌན་གྱིས་དམག་སྤྱི་ཟུར་པ་ཨོ་སི་ཊོན་རྒྱལ་སྲུང་དྲུང་ཆེར་འདེམས་སྒྲུག་བྱས་པར་མོས་མཐུན་བྱེད་ཀྱི་མེད་པ་སྟེ། མེ་རི་ལན་ཌི་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་ཨན་ཐོ་ཎི་བྷ་རོང་དང་ཊེཀ་སེ་སི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཝྭི་སེ་གཉིས་ཀྱིས་བདུན་ཕྲག་སྔོན་མར་ཇཱོ་བྷ་ཌན་ལ་འཕྲིན་ཡིག་ཅིག་བསྐུར་ནས་མཱི་ཤཱེལ་ཧྥུ་ལོ་ནོ་ཡེ་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་དགོས། ཁོ་མོ་སྲིད་འཛིན་ཁེ་ལིན་ཊོན་དང་ཨོ་བྷ་མ་གཉིས་ཀྱི་དུས་སུ་སྐྱེད་སྲིང་བྱུང་སྟེ་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཐོབ་ཡོད། ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པ་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པར་མཱི་ཤཱེལ་ཧྥུ་ལོ་ནོ་ཡེ་ལྟ་བུའི་བུད་མེད་ཅིག་ཨ་རིའི་རྒྱལ་སྲུང་དྲུང་ཆེར་བསྐོ་བཞག་བྱ་དགོས་ངེས་ཡིན་ཞེས་ནན་སྐུལ་བྱས་འདུག ཁ་སང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་དམག་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེ་ཌམ་ཤེབ་ཀྱིས་མཱི་ཤཱེལ་ཧྥུ་ལོ་ནེ་ཡེར་རྒྱབ་སྐྱོར་བྱས་པར་མ་ཟད། ཁོང་གིས་ངས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱི་ལས་སྣེ་ཚོར་མཱི་ཤཱེལ་ཧྥུ་ལོ་ནོ་ཡེ་རྒྱལ་སྲུང་དྲུང་ཆེར་འོས་ཤིང་འཚམས་པ་ཞིག་རེད་ཅེས་གསལ་པོར་བཤད་ཡོད། དེ་ནི་ཁོ་མོ་གཅིག་པུ་ཨ་རིའི་རྒྱལ་སྲུང་དྲུང་ཆེར་འོས་འཚམས་རེད་ཟེར་བའི་སྐད་ཆ་ཞིག་མིན། མཱི་ཤཱེལ་ཧྥུ་ལོ་ནོ་ཡེས་ལས་འགན་ཡག་པོ་འགྲུབ་ཐུབ་ཀྱི་རེད་ཅེས་བཤད། ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པར་སུ་ཞིག་བསྐོ་བཞག་བྱས་ཀྱང་ཨུ་རུ་སུའི་དམག་གི་སྟོབས་ཤུགས་སླར་གསོ་བྱུང་ཡོད་པ་དང་རྒྱ་ནག་གི་སྟོབས་འབྱོར་ཆེ་རུ་འགྲོ་བཞིན་པ། ཨི་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ། ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་རྩ་མེད་གཏོང་ཐུབ་མེད་པ་བཅས་ཀྱིས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་གདོང་ལེན་བྱ་དགོས་པའི་དཀའ་ངལ་སྔར་ལས་ཇེ་ཆེར་སོང་འདུག
ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཁེ་ལི་ཧྥོར་ཎི་ཡའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཧ་ཝྭིར་བྷ་སེ་ར་འཕྲོད་བསྟེན་དྲུང་ཆེར་འདེམས་སྒྲུག་བྱས་ཤིང་། ད་ལྟ་ཉུང་མཐར་ཡང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྔས་ཧ་ཝྭིར་བྷ་སེ་ར་འཕྲོད་བསྟེན་དྲུང་ཆེར་འདེམས་སྒྲུག་བྱས་པར་མོས་མཐུན་དང་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་རྒྱུ་མིན། ཁོང་གིས་ཨ་མི་རི་ཀའི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་རྣམས་སྲིད་གཞུང་གིས་གཉེར་པའི་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་ལུགས་ཤིག་ལ་བསྒྱུར་རྒྱུ་རེད། ཧ་ཝྭིར་བྷ་སེ་ར་ལ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཉམས་མྱོང་ཅི་ཡང་མི་འདུག་ཅེས་རྒྱུ་མཚན་བགྲངས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་ཁག་གི་འོས་མི་ཚོར་མོས་མཐུན་དང་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་རྒྱུ་ཡིན་མིན་ཅི་ཡང་བཤད་ཀྱི་མེད་ཅིང་། གལ་སྲིད་ཁོ་ཚོས་དེ་ལ་གླེང་སློང་བྱས་ན་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་ངོས་ལེན་བྱས་པ་མཚོན་ཐུབ། དེར་བརྟེན་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་ལ་ཕོག་ཐུག་སོང་སྟེ་ཐེངས་རྗེས་མའི་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དེ་ཚོར་ཌོ་ནལ་ཊམ་གྱིས་གནོད་སྐྱེལ་སྲིད་པའི་འཇིགས་སྣང་འོག་ནས་ཐར་དཀའ་བ་ཞིག་ཏུ་གྱུར་འདུག གལ་སྲིད་ཨ་མི་རི་ཀའི་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་ས་མིག་དམངས་གཙོ་ཚོགས་པར་འཐོབ་ཚེ། ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་ཁག་གི་འོས་མི་དེ་ཚོ་གྲོས་ཚོགས་ཀྱིས་འགོག་དཀའ། འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་དམངས་གཙོ་ཚོགས་པར་མ་ཐོབ་ན་སྤྱི་མཐུན་ཚོགས་པར་སྔར་བཞིན་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་གྲངས་མང་ཡོད་པས་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་མང་དག་ཅིག་གི་འོས་མི་རྣམས་གྲོས་ཚོགས་ཀྱིས་འགོག་སྲིད་པའི་ཉེན་ཁ་ཡོད་པ་རེད།།