ངོ་འཕྲད་བདེ་བའི་དྲ་འབྲེལ།

 ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་སན་ཀ་ཁུ་གླིང་ཚོམ། 


༄༅།། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ལྔ་དང་མཚོ་བྲག་གསུམ་སྟེ། ཉི་ཧོང་གིས་སན་ཀ་ཁུ་གླིང་ཚོམ་དང་རྒྱ་ནག་གིས་ཏེའོ་ཡུའི་གླིང་ཚོམ་ཞེས་འབོད་པ་དེའི་བདག་དབང་བརྩད་ནས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་གདོང་ཐུག་འབྱུང་གྲབས་སུ་གྱུར། རྒྱ་ནག་གི་གྲུ་གཟིངས་ཁག་རྩོད་གཞི་ཅན་གྱི་གླིང་ཚོམ་དེའི་ཉེ་འཁོར་དུ་བསྐྱོད་ན་ཉི་ཧོང་གིས་འགོག་རྒོལ་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་རྒྱ་ནག་གིས་ཀྱང་རང་གི་མཚོ་སྲུང་དམག་ལ་ཉི་ཧོང་གི་འགོག་རྒོལ་དེར་ལན་པ་སློག་ཆོག་ཅེས་བཀའ་བཏང་འདུག རྒྱ་ནག་གིས་མཚོ་དམག་ལ་ཉི་ཧོང་གི་འགོག་རྒོལ་དེར་ལན་པ་སློག་ཏུ་མ་བཅུག་པར་མཚོ་སྲུང་དམག་ལ་རྒོལ་ལན་སློག་ཏུ་འཇུག་གི་ཡོད་པ་ནི་ཐབས་ཇུས་མཁས་པོ་དང་རྒྱུ་རྐྱེན་གཉིས་ལ་ཐུག་འདུག རྒྱུ་རྐྱེན་དང་པོ་ནི་རྒྱ་ནག་གིས་མཚོ་སྲུང་དམག་གཏོང་གི་ཡོད་པ་ནི་སན་ཀ་ཁུ་གླིང་ཚོམ་དང་དེའི་ཉོ་འཁོར་གྱི་མཚོ་ཁོངས་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྟོན་ཐུབ། དེ་ནི་རྒྱལ་ཁབ་གཅིག་གི་ནང་ཁུལ་གྱི་བདེ་འཇགས་ཉེན་རྟོག་པས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གི་མཚོ་སྲུང་དམག་གིས་རང་གི་མཚོ་ཁོངས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། རྒྱུ་རྐྱེན་གཉིས་པ་ནི་རྒྱ་ནག་གི་མཚོ་དམག་གིས་ཐད་ཀར་ཉི་ཧོང་གི་མཚོ་དམག་ལ་གདོང་ཐུག་རྒྱག་མི་དགོས་པའི་དགེ་མཚན་ཆེ། རྒྱ་ནག་གི་མཚོ་དམག་ནི་ཉི་ཧོང་གི་མཚོ་དམག་ལས་རྒྱ་ཆེ་བ་དང་གྲངས་ཀ་མང་བ་ཡོད་ཀྱང་ཉི་ཧོང་གི་མཚོ་དམག་དེང་རབས་ཅན་དུ་བསྒྱུར་ཏེ་འཐབ་འཁྲུག་གི་ནུས་པ་ཧ་ཅང་ཆེན་པོ་ཡོད་པ་རེད། ད་དུང་རྒྱ་ནག་གི་མཚོ་དམག་དང་ཉི་ཧོང་གི་མཚོ་དམག་གཉིས་དངོས་སུ་གདོང་ཐུག་བྱུང་ན་ཨ་མི་རི་ཀ་ཉི་ཧོང་གི་རྒྱབ་རྩར་ལངས་ནས་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་ཡོད། དེའི་རྒྱུ་མཚན་ནི་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རེད།།

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ། ཨ་རིའི་ཕྲི་སྲིད་དྲུང་ཆེ་བཅས། ༢༠༢༡།༣།༡༥
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ། ཨ་རིའི་ཕྲི་སྲིད་དྲུང་ཆེ་བཅས། ༢༠༢༡།༣།༡༥

ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་བཅས་ཕྱོགས་གཉིས་ཀྱི་མཐོ་རིམ་གཞུང་འབྲེལ་མི་སྣ་བཞི་ལྷན་འཛོམས་གྲོས་མོལ་བྱུང་བའི་སྐབས་སུ་རྒྱ་ནག་གི་མཚོ་སྲུང་དམག་གིས་ཉི་ཧོང་གི་ཨོ་ཁི་ན་ཝ་མངའ་ཁུལ་གྱི་མཚོ་ཁོངས་སུ་བཙན་འཛུལ་ལན་མང་བྱས་ནས་གང་ཅིའི་གནས་ཚུལ་ཛ་དྲག་ཅན་དུ་འགྱུར་གྱི་འདུག་ཅེས་གླེང་སློང་བྱུང་ཞིང་། ཨ་རི་དང་ཉི་ཧོང་གི་མཐོ་རིམ་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་མཚོ་ཁ་སྲུང་དམག་གིས་སན་ཀ་ཁུ་གླིང་ཚོམ་གྱི་ཉེ་འཁོར་དུ་བཙན་འཛུལ་བྱེད་ཀྱི་ཡོད་པར་འགོག་ཐབས་ཡག་པོ་ཞིག་རྙེད་མ་སོང་ཞེས་བཤད། གླིང་ཕྲན་ལྔ་དང་མཚོ་བྲག་གསུམ་གྱི་གླིང་ཚོམ་དེ་ཉི་ཧོང་གི་ཨོ་ཁི་ན་ཝ་མངའ་ཁུལ་གྱི་འཛིན་སྐྱོང་འོག་ཏུ་ཡོད་ཀྱང་རྒྱ་ནག་གིས་ས་གནས་དེར་ཏེའོ་ཡུའི་གླིང་ཚོམ་ཞེས་མིང་བཏགས་ནས་གླིང་ཚོམ་དེ་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་དབང་རྩོད། ཉི་ཧོང་གཞུང་གིས་༡༨༩༥་ཡན་ཆད་དུ་གླིང་ཚོམ་དེ་ས་སྟོང་རེད། ༡༨༩༥་ནས་ཉི་ཧོང་གིས་སན་ཀ་ཁུ་གླིང་ཚོམ་བདག་ཏུ་བཟུང་བ་ཡིན། ༡༩༤༥་ནས་༡༩༧༢་བར་དུ་ཉི་ཧོང་ཨ་མི་རི་ཀའི་དབང་སྒྱུར་འོག་ཏུ་ཚུད་པའི་སྐབས་སུའང་སན་ཀ་ཁུ་གླིང་ཚོམ་ཉི་ཧོང་གི་མངའ་ཁོངས་སུ་བརྩིས་ནས་ཨ་མི་རི་ཀས་དབང་སྒྱུར་བྱས་པ་རེད་ཅེས་རྒྱུ་མཚན་བགྲངས། ༢༠༡༢་ལོར་ཉི་ཧོང་གཞུང་གིས་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་སྒེར་པའི་ལག་ནས་གཞུང་གིས་ཉོས། དུས་རབས་སྔོན་མའི་ལོ་རབས་༧༠་པའི་ནང་དུ་ཉི་ཧོང་གི་ཚོང་པ་སྟོབས་ཆེན་ཞིག་གིས་གླིང་ཚོམ་དེ་ཁུ་རི་ཧ་ར་ཞེས་པའི་ཁྱིམ་ཚང་ཞིག་གི་ལག་ནས་ཉོས། ཁུ་རི་ཧ་ར་ཁྱིམ་ཚང་ལ་གླིང་ཚོམ་དེ་ཕ་མེས་ཡང་མེས་ཀྱི་དུས་ནས་བུ་རབས་ཚ་རྒྱུད་ལ་རྩིས་སྤྲོད་བྱུང་བའི་སྒེར་གཞིས་ཤིག་ཡིན་འདུག

ལོ་རྒྱུས་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་རྙེད་དོན་ཁག་ལ་འཁོད་པ་ལྟར་ན། ཉི་ཧོང་དང་རྒྱ་ནག་གཉིས་ཀར་གླིང་ཚོམ་དེ་རང་རང་གི་མངའ་ཁོངས་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མེད་ཅིང་། ༡༨༩༥་ཡན་ཆད་དུ་གླིང་ཚོམ་དེ་མི་མེད་ས་སྟོང་དུ་ལུས་ཏེ་རྒྱ་ནག་གིས་ནམ་ཡང་གླིང་ཚོམ་དེར་འཛིན་སྐྱོང་བྱས་ནས་བདག་ཏུ་བཟུང་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་སྟོན་རྒྱུ་མ་རྙེད། ཁུ་རི་ཧ་ར་ཁྱིམ་ཚང་གིས་ཀྱང་དུས་རབས་༡༩་པ་ནས་གླིང་ཚོམ་དེ་བདག་ཏུ་བཟུང་། ཉི་ཧོང་གཞུང་གིས་ལོ་མང་རིང་ཁུ་རི་ཧ་ར་ཁྱིམ་ཚང་ལ་ས་གླ་སྤྲད། ཉི་ཧོང་གཞུང་གིས་ས་རིན་སྤྲད་པ་དེའི་ཐོག་ནས་ཉི་ཧོང་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་གླིང་ཚོམ་དེའི་བདག་དབང་ཡོད་པའི་དཔང་རྟགས་ཤུགས་ཆེ་བ་འདུག་ཅེས་བཀོད། གང་ལྟར་ཉི་ཧོང་གཞུང་གིས་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་བློས་བཏང་ནས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུའི་རྣམ་པའམ། ཡང་ན་རྒྱ་ནག་གིས་གླིང་ཚོམ་དེའི་བདག་དབང་བགོ་བཤའ་རྒྱག་དགོས་ཟེར་གྱི་ཡོད་པར་ཉི་ཧོང་གིས་ཉན་རྒྱུའི་རྟགས་མཚན་བྲལ། ༢༠༢༠་ལོའི་ཕྱི་ཟླ་༡༢་ནང་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་འགོག་ཐབས་བྱ་དགོས། ཕྱོགས་གཉིས་ཀས་རྩོད་གཞི་ཅན་གྱི་མཚོ་ཁོངས་སུ་འཁྲུག་རྩོད་སློང་བའི་ལས་དོན་བསྒྲུབ་རྒྱུ་གཡོལ་ཐབས་བྱ་དགོས། གལ་སྲིད་འཁྲུག་རྩོད་བྱུང་ན་ཕྱོགས་གཉིས་ཀས་དུས་ཐོག་དང་འོས་འཚམས་ཀྱི་སྒོ་ནས་འབྲེལ་བ་བྱ་དགོས་ཞེས་༢༠༡༤་ལོར་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་གྲོས་མཐུན་བཞག་པ་རྩ་འཛིན་བྱ་དགོས་པའི་ནན་བརྗོད་བྱས་འདུག འོན་ཀྱང་སྐབས་དེར་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་རྩོད་གཞི་ཅན་གྱི་མཚོ་ཁོངས་ཞེས་པའི་རྗོད་ཚིག་དེར་ངོས་ལེན་བྱས་མེད་པ་རེད།།

སན་ཀ་ཁུ་གླིང་ཚོམ།
སན་ཀ་ཁུ་གླིང་ཚོམ།

ཉི་ཧོང་དང་ཨ་མི་རི་ཀས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་ཀྱང་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ཐོག་ཏུ་ཉི་ཧོང་གིས་རྒྱ་ནག་ལ་དམག་འཁྲུག་བརྒྱབ་ཚེ། ཨ་མི་རི་ཀ་ཉི་ཧོང་གི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་འཐབ་རྒོལ་བྱ་རྒྱུ་ཡིན་མིན་གྱི་གདེང་ཚོད་བརྒྱ་ཆ་བརྒྱ་མེད་པ། དེ་རིང་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་སྲུང་སློབ་སྟོན་པ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་རྣམས་ཨ་རིའི་ཨ་ལ་སི་ཁ་མངའ་སྡེར་ཐུག་འཕྲད་བྱེད་ཀྱི་ཡོད་པ་དེའི་ཐོག་ཏུ་ཐེ་ཝན་དང་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ལ་གླེང་སློང་འབྱུང་རྒྱུའི་རྣམ་པ་ཞིག་ཐོན། དེ་རིང་གི་གྲོས་མོལ་སྐབས་སུ་ཨ་མི་རི་ཀས་ཐེ་ཝན་དང་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ཐོག་ཏུ་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ར་འཕྲོད་ཐུབ། ད་ལྟའི་བར་དུ་ཉི་ཧོང་གིས་ཨ་མི་རི་ཀས་ལངས་ཕྱོགས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ལ་སྒུག་ནས་བལྟ་རྒྱུའི་སྲིད་ཇུས་ཤིག་བཟུང་འདུག ཨ་རྒྱ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོས་ཨ་ལ་སི་ཁའི་གྲོས་མོལ་སྐབས་སུ་རྒྱ་ནག་དང་ཉི་ཧོང་གཉིས་ཀས་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ལ་གྲོས་མོལ་བྱ་དགོས་ཟེར་ན་ཉི་ཧོང་ལ་ཕམ་ཉེས་ཆེན་པོ་ཞིག་རེད། ཉི་ཧོང་གཞུང་གིས་གླིང་ཚོམ་དེའི་བདག་དབང་ལ་གྲོས་མོལ་བྱ་རྒྱུ་མེད་ཅེས་ལངས་ཕྱོགས་མཁྲེགས་པོ་བཟུང་འདུག སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་འཁྲུག་རྩོད་ལ་གཡོལ་ཐབས་དང་དམག་འཁྲུག་རྒྱག་མ་དགོས་པར་སན་ཀ་ཁུ་གླིང་ཚོམ་གྱི་ཉེ་འཁོར་དུ་རྒྱ་ནག་གི་མཚོ་སྲུང་དམག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་སྡིགས་ར་སྐུལ་གྱི་ཡོད་པ་རྣམས་ཞི་འཇམ་གཏོང་ཐུབ་རྒྱུ་གཙིགས་སུ་བཟུང་འདུག

ཉི་ཧོང་གཞུང་གིས་སན་ཀ་ཁུ་གླིང་ཚོམ་ཐོག་ཏུ་མཚོ་དམག་དང་མི་འབོར་གཞིས་ཆགས་བྱེད་དུ་འཇུག་གི་མེད་ཀྱང་ཉི་ཧོང་གི་སྲིད་དོན་པ་ཁག་ཅིག་གླིང་ཚོམ་དེ་དག་གི་སྟེང་དུ་སོང་སྟེ་རྒྱལ་དར་བཙུགས་ནས་རྒྱ་ནག་ལ་འཁྲུག་རྩོད་སློང་རྒྱུ་ཤུགས་ཆེ་རུ་སོང་། ཨ་རིའི་ཊེམ་པུལ་སློབ་གྲྭ་ཆེན་མོའི་ཉི་ཧོང་སློབ་གླིང་གི་སློབ་དཔོན་བྷ་རོང་གིས་བཤད་པ་ལྟར་ན། ཉི་ཧོང་གི་སྲིད་དོན་པ་ཁག་ཅིག་སན་ཀ་ཁུ་གླིང་ཚོམ་ཐོག་ཏུ་སྐྱོད་ཀྱི་ཡོད་པ་སྔོན་ཆད་བྱུང་མ་མྱོང་བ་ཞིག་མིན་པ་དང་བསྐྱོད་ཆོག་པའི་རྒྱུ་མཚན་ཡང་འདུག འདི་ནི་ས་གནས་ཀྱི་མི་རིགས་རིང་ལུགས་པ་ཚོས་ཉི་ཧོང་གཞུང་ལ་གླིང་ཚོམ་དེའི་བདག་དབང་ཡོད་པའི་རྣམ་པ་ཤུགས་ཆེ་ཙམ་སྟོན་དུ་འཇུག་ཐབས་ཤིག་རེད། ས་གནས་སྲིད་གཞུང་ཁག་གིས་ཉི་ཧོང་དབུས་གཞུང་ལ་གྲོས་མོལ་བྱ་ཐབས་མེད་པ་དང་དཀའ་ངལ་སེལ་ཐབས་མེད་པ་ཞིག་ཏུ་གཏོང་གི་འདུག་ཅེས་བཤད། ཉི་ཧོང་གི་ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཉི་ཧོང་ལ་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ཡོད་པར་རྒྱབ་སྐྱོར་རྒྱུ་གནད་འགག་ཆེ། གལ་སྲིད་ཨ་མི་རི་ཀས་ཉི་ཧོང་ལ་སན་ཀ་ཁུ་གླིང་ཚོམ་གྱི་བདག་དབང་ཐོག་ཏུ་རྒྱ་ནག་ལ་གྲོས་མོལ་བྱ་དགོས་ཟེར་ན་ཉི་ཧོང་གིས་གླིང་ཚོམ་དེར་བདག་དབང་ཡོད་ཟེར་གྱི་ཡོད་པའི་ནུས་ཤུགས་ཆུང་དུ་འགྲོ་ངེས་རེད། ཉི་ཧོང་དབུས་གཞུང་གིས་ས་གནས་ཀྱི་འགོ་ཁྲིད་ཚོར་གླིང་ཚོམ་དེར་མི་གཏོང་དུ་བཅུག་པ་དང་འཛུགས་སྐྲུན་བྱེད་དུ་བཅུག་ན་རྒྱ་ནག་ལ་འཐབ་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་བཤད་དོ།།

XS
SM
MD
LG