ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འཁྲིག་སྤྱོད་བྲན་གཡོག་ཏུ་གྱུར་པའི་བུ་མོ།


༄༅།། འདས་པའི་ལོ་ཤས་གོང་དུ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་མི་རིགས་གཙང་སེལ་དང་རིག་གནས་རྩ་གཏོར། འཛམ་གླིང་ཧྲིལ་པོ་འཇིགས་སྐུལ་རིང་ལུགས་པ་ཚོས་གོ་བ་ལེན་པའི་ཁ་ཆེའི་ཆོས་ཁྲིམས་དམ་པོ་ཞིག་གི་འོག་བསྡུ་དགོས་པའི་ལངས་ཕྱོགས་བཟུང་ནས་དམག་བརྒྱབ། ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱ་ཡུལ་གཙོ་བོ་ཞིག་དང་མི་རིགས་ཀྱི་ངོ་བོ་རྩ་རླག་འགྲོ་གྲབས་སུ་གྱུར་པའི་འགྲོ་བ་མིའི་ཚོ་ཤོག་ཤིག་ནི་ཨི་རཀ་དང་སི་རི་ཡའི་མཐའ་མཚམས་ཁག་ཏུ་འཚོ་གནས་བྱེད་བཞིན་པའི་ཡ་ཛི་ཌི་པ་ཞེས་པའི་མི་རིགས་དེ་ཡིན། ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཡ་ཛི་ཌི་ཡའི་སྐྱེས་པ་སྟོང་ཕྲག་མང་པོ་སྐེ་བཅད་ནས་དམར་གསོད་བྱས་པ་དང་བུད་མེད་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ནས་འཁྲིག་སྤྱོད་བྱ་ཡུལ་གྱི་བྲན་གཡོག་ལྟར་བཀོལ། ད་ལྟ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཕམ་ཉེས་བཏང་རུང་ཡ་ཛི་ཌི་པའི་བུ་མོ་ལོ་ཆུང་བརྒྱ་ཕྲག་མང་པོར་བཙན་གཡེམ་ཕོག་རྗེས་ཕྲུ་གུའི་ཨ་མར་གྱུར་ནས་འཚོ་བའི་དམིགས་སྒོ་མེད་པ་དང་སྤྱི་ཚོགས་ཀྱི་མཐོང་ཆུང་མྱངས་ནས་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་རོགས་སྐྱོར་ལས་སྣེ་ཞིག་གིས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་བཙན་འོག་ནས་ཐར་པའི་ཡ་ཛི་ཌི་པའི་བུ་མོ་ལོ་ཆུང་ཚོར་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ལྟ་སྐྱོང་བྱེད་ཀྱི་ཡོད་ཅིང་། ཡ་ཛི་ཌི་པའི་བུ་མོ་ལོ་ཆུང་གཅིག་ལ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་བརྒྱ་སྐོར་རེས་བཙན་གཡེམ་བྱས་ནས་བྲན་གཡོག་ལྟར་ཉར་འཛིན་བྱས་ཡོད་པ་སྟེ། ཡ་ཛི་ཌི་པའི་བུད་མེད་ཅིག་གིས་རང་ལ་ལོ་ན་༡༠་ལ་སོན་པའི་ཚ་མོ་ཞིག་ཡོད། ཚ་མོ་དེ་འཇིགས་སྐུལ་རིང་ལུགས་པའི་འཁྲིག་སྤྱོད་བྱ་ཡུལ་བྲན་གཡོག་ཏུ་གྱུར་ནས་ཕྲུ་གུ་འཁོར་སོང་། གལ་སྲིད་བུ་མོ་གང་ཞིག་གིས་འཁྲིག་སྤྱོད་དང་བཙན་གཡེམ་ལ་མོས་མཐུན་མ་བྱས་ན་གློག་སྐུད་ཀྱིས་བྲབས་ནས་རྡུང་རྡེག་གཏོང་གི་འདུག་ཅེས་བཤད། ད་དུང་རོགས་སྐྱོར་ལས་སྣེ་གཞན་པ་ཞིག་གིས་ཀྱང་བུ་མོ་ལོ་ཆུང་གཅིག་ལ་དྲག་སྤྱོད་པ་བརྒྱ་ཕྲག་རེས་གཅིག་རྗེས་གཉིས་མཐུད་དུ་བཙན་གཡེམ་བྱས་འདུག་ཅེས་ངེས་གཏན་བྱས་ཤིང་། ལོ་ཤས་གོང་དེར་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཡ་ཛི་ཌི་པའི་བུ་མོ་ཆུང་ཚོར་གྱོན་གོས་དཀར་པོ་གཡོགས་ནས་ལྕགས་དྲྭའི་ནང་དུ་བཅུག ཁོ་ཚོ་སྲང་ལམ་གྱི་ཁྲོམ་གཞུང་དུ་འཁྲིག་སྤྱོད་བྱ་ཡུལ་གྱི་བྲན་གཡོག་ལ་འབམ་ཚོང་བྱེད་ཀྱི་ཡོད་པའི་བརྙན་པར་ཐོན་མྱོང་ཡོད་པ་རེད།

ཁ་སྔོན་གཟའ་ཉི་མར་ཉིན་རེའི་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐོག་མར་ཨི་རཀ་གི་གྲོང་གསེབ་ཅིག་ལ་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་དཔུང་འཇུག་བྱས་ནས་མཱར་ཝ་ཁེ་དྷར་ཞེས་པའི་བུ་མོ་ཞིག་ཚུད་པའི་གྲོང་གསེབ་དེའི་བུད་མེད་རྣམས་ཀྱི་མགོ་ལ་མེ་མདའ་བཙུགས་ནས་བཙན་གྱིས་ཁྲིད། གྲོང་གསེབ་དེའི་སྐྱེས་པ་རྣམས་སྡེབ་གསོད་བྱས་ནས་ཕུང་པོ་རྣམས་དུར་ས་གཅིག་གི་ནང་དུ་སྦས། བུད་མེད་དང་བུ་མོ་ལོ་ཆུང་རྣམས་ཨི་རཀ་གི་བྱང་ཕྱོགས་སུ་ཁྲིད་ནས་ལོ་ཚོད་ལྟར་དབྱེ་བ་བཀར། བུད་མེད་རིན་གོང་ཆེ་ཤོས་ནི་ལོ་ན་༡༠་ནས་༢༠་ཐམ་པའི་བར་དུ་ཡོད་པ་དེ་དག་རེད། བུ་མོ་ན་གཞོན་དེ་ཚོ་སྦྲུམ་མར་མ་གྱུར་སྔོན་དུ་ཉུང་མཐར་ཡང་སྐྱེས་པ་བརྒྱ་ལྷག་གིས་བཙན་གཡེམ་བྱས་མྱོང་ཡོད་པར་མ་ཟད། འཇིགས་སྐུལ་རིང་ལུགས་པ་ཚོས་འཁྲིག་སྤྱོད་བྱས་ནས་འདོད་པ་ཚིམས་པའི་རྗེས་སུ་ཡ་ཛི་ཌི་པའི་བུ་མོ་དེ་རྣམས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་གི་གཞང་ཁང་ཁག་ལ་བཙོངས་ནས་སྔར་བཞིན་ཆགས་སྤྱོད་བྲན་གཡོག་གི་དཀའ་སྡུག་མྱོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཛི་ཡ་ཌི་ཨ་ཝྭ་དྷལ་ཞེས་པ་ཞིག་གིས་ཡ་ཛི་ཌི་པའི་བུ་མོ་ཚོར་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ནས་ལྟ་སྐྱོང་བྱེད་ཀྱི་ཡོད་ཅིང་། མཱ་དྷི་ཡ་ཞེས་པའི་སྲུ་མོ་ཞིག་གིས་ངས་རང་གི་ཚ་མོ་མཱར་ཝ་ལོ་ཤས་གོང་དུ་བུ་མོ་སྐོར་ཚོགས་ཤིག་གི་མཉམ་དུ་ཁྲོམ་གཞུང་ནས་སྐབས་དེའི་ཁ་ཆེའི་རྒྱལ་ཁམས་ཀྱི་རྒྱལ་ས་སྟེ། སི་རི་ཡའི་བྱང་ཕྱོགས་སུ་ཆགས་པའི་ར་ཁ་གྲོང་ཁྱེར་དུ་ཁྲིད་པ་དེ་ནས་མཐོང་ཐོས་བྱུང་མ་སོང་། མཱ་དྷི་ཡ་རང་ཉིད་ཀྱང་ཉེ་ཆར་སི་རི་ཡའི་ས་ཐོག་གི་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་བཙན་ས་མཐའ་མ་བྷག་ཧུ་ཟི་ཞེས་པའི་ས་གནས་དེ་ནས་བྲོས་ཐར་པ་ཞིག་ཡིན། ཁོ་མོས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་འཛིན་བཟུང་འོག་ཏུ་རྩྭ་དང་ཤིང་ལོ། སྲོག་ཆགས་ཀྱི་རྟུག་པ་བཟོས་ནས་འཚོ་གནས་བྱ་ཐབས་བྱ་དགོས་བྱུང་སོང་ཞེས་བཤད། མཱ་དྷི་ཡའི་གྲོགས་མོ་ཞིག་གིས་ཀྱང་བུ་མོ་མཱར་ཝ་བཙན་ཁྲིད་བྱས་པའི་རྗེས་སུ་མཐོང་བྱུང་། ཁོ་མོར་ཕྲུ་གུ་འཁོར་ནས་གྲོད་ཁོག་འབུར་འདུག མཱར་ཝ་ནི་ལོ་བཅུ་ལས་སོན་མེད་ཅེས་བཤད། མཱ་དྷི་ཡ་ཞེས་པའི་སྲུ་མོ་དེ་ལོ་ན་༢༩་ཡིན་པས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་བརྒྱ་ཕྲག་མང་པོས་བཙན་གཡེམ་བྱས་པ་དང་རྡུག་རྡེག་བཏང་ནས་མནར་གཅོད་མྱངས་འདུག

མཱ་དྷི་ཡ་ཞེས་པའི་བུད་མེད་དེས་བཤད་པ་ལྟར་ན། ཁོ་མོ་ཟླ་བ་མང་པོར་ས་དོང་ནང་དུ་བཀག་ཉར་བྱས་པ་དང་བཙན་གཡེམ་མྱངས། བཙན་དབང་གི་གཉེན་སྒྲིག་ཐེངས་འགའ་ཞིག་བྱ་དགོས་བྱུང་བ་དང་ཁྱོ་ག་མང་པོ་ཞིག་ལ་བཙོངས་སོང་། ངས་ཉོ་ཚོ་དེ་ཚོར་མོས་མཐུན་མ་བྱས་ན་ངའི་བུ་མོར་བཙན་གཡེམ་བྱ་རྒྱུ་ཡིན་ཞེས་ང་ལ་སྡིགས་ར་བསྐུལ་གྱི་འདུག འཇིགས་སྐུལ་རིང་ལུགས་པ་ཚོས་བྱིས་པ་མནའ་མ་ཚོར་རྟ་ལྕག་གིས་བྲབས་ཏེ་ཤ་ཚ་དང་སྙིང་རྗེ་མེད་པར་རྡུག་རྡེག་གཏོང་གི་ཡོད་པ་ངས་དངོས་སུ་མཐོང་མྱོང་། ཡིན་ནའང་མཐའ་མཇུག་ང་བྲོས་བྱོལ་དུ་འགྲོ་ཐབས་བྱས་དུས་ངའི་བུ་མོ་མཉམ་དུ་ཡོང་གི་མི་འདུག ཁོ་མོ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་བློ་ཁ་བསྒྱུར་ཟིན་འདུག ཁོ་མོས་ང་ལ་ང་ཚོ་འདི་ནས་ཐར་ཀྱང་ཆོས་ལ་དད་པ་མེད་པའི་ཀུར་དི་མི་རིགས་ཀྱི་དམག་དཔུང་ནི་དེ་བས་ཀྱང་སྡུག་གི་རེད་ཅེས་ལན་འདེབས་བྱས་སོང་། འཇིགས་སྐུལ་རིང་ལུགས་པ་ཚོས་བཙན་ཁྲིད་བྱས་པའི་བུ་མོ་ལོ་ཆུང་མང་པོ་ཞིག་གི་བསམ་བློར་སྒྱུར་བཀོད་ཐེབས་འདུག་ཅེས་བཤད།

ཛི་ཡ་ཌི་ཨ་ཝྭ་དྷལ་ནི་སྔོན་ཆད་དགེ་རྒན་ཞིག་ཡིན་རུང་ད་ལྟ་ཡ་ཛི་ཌི་པའི་བུ་མོ་བྲོས་ཐར་པ་ཚོར་ལྟ་སྐྱོང་གི་ལས་དོན་ཞིག་གཉེར་གྱི་ཡོད་པ་དང་། ཁོ་པས་ལོ་ན་༡༠་ལ་སོན་པའི་བུ་མོ་མཱར་ཝའི་ལས་དབང་ལ་བལྟས་ནས་འདི་ལྟར་བརྗོད། བུ་མོ་མཱར་ཝ་སྦྲུམ་མར་གྱུར་ཡོད་པ་གཅིག་པུ་མིན། བུ་མོ་ལས་ངན་མ་འདིར་ཕྲུ་གུ་མ་འཁོར་སྔོན་དུ་སྐྱེས་པ་བརྒྱ་ཕྲག་རེས་བཙན་གཡེམ་བྱས་ཡོད་ངེས་རེད་ཅེས་བཤད། ཀུར་དི་མི་རིགས་ཀྱི་དམག་དཔུང་གིས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་འཁྲིག་སྤྱོད་བྱ་ཡུལ་དུ་གྱུར་པའི་བུ་མོ་བྲག་གཡོག་༥༠་ཐམ་པའི་གྲས་ཀྱི་བུ་མོ་འགའ་ཞིག་བསད་ནས་ཕུང་པོ་རྣམས་ས་འོག་ཏུ་སྦས་ཡོད་པའི་མགོ་རུས་སྐམ་པོ་རྣམས་རྙེད། ཐ་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁ་ཆེའི་བུ་མོ་ལོ་ཆུང་མང་པོ་ཞིག་རང་མོས་ཀྱིས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་མནའ་མར་བྲོས། ད་ལྟ་ཁོ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱ་ས་མེད་པར་སི་རི་ཡའི་སྐྱབས་བཅོལ་བའི་སྡོད་སྒར་ཁག་ཏུ་འགགས། ཁོ་ཚོ་མང་པོ་ཞིག་ལ་ཕྲུ་གུ་སྐྱེས་ཡོད་པ་དང་ཕྲུ་གུའི་ཨ་ཕ་རྣམས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཡིན་པས་དམག་འཁྲུག་ནང་དུ་བསད་པའམ། ཡང་ན་ཁོ་ཚོ་བཙོན་དུ་ཚུད་ནས་རང་གི་བཟའ་ཟླ་བུ་ཕྲུག་ལ་ཁ་ངོ་ཐུག་ཐུབ་ཀྱི་མེད་པ་རེད།

XS
SM
MD
LG