ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་རན་གྱི་ལྟད་མོ་བ་ཚོས་ཁ་ཆེའི་གསར་བརྗེ་སྔོན་གྱི་རྒྱལ་དར་འཕྱར། 


༄༅།། འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་འགྲན་ཉིན་གཉིས་པར་ཨིང་ལན་ཌིའི་རུ་ཁག་དང་ཨི་རན་གྱི་རུ་ཁག་གཉིས་འགྲན་སྡུར་ཚུགས། ཨི་རན་གྱི་རྩེད་འགྲན་རུ་ཁག་གི་རྩེད་འགྲེན་པ་ཚོས་རང་གི་རྒྱལ་ཁབ་ཀྱི་རྒྱལ་གླུ་མ་བཏང་བར་ངོ་རྒོལ་གྱི་རྣམ་འགྱུར་བསྟན། ལྟད་མོ་ཚོས་ཨི་རན་ལ་ཁ་ཆེའི་གསར་བརྗེ་མ་ལངས་སྔོན་གྱི་རྒྱལ་དར་འཕྱར་བ་དང་མི་ཁག་ཅིག་གིས་བུད་མེད། ཚེ་སྲོག རང་དབང་ཞེས་འཁོད་པའི་ཡིག་བྱང་འཕྱར། མི་འགའ་ཞིག་གིས་ཨི་རན་གྱི་སྲིད་གཞུང་འཕོ་འགྱུར་གཏོང་དགོས་ཞེས་བྲིས་པའི་ཡིག་བྱང་འཕྱར་ནས་ཨི་རན་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་མ་ལངས་གོང་གི་རྒྱལ་དར་ཐོག་ཏུ་ཉི་མ་དང་སེངྒ་བྲིས་ཡོད་མོད། ཨ་ཡ་ཏོ་ལ་ཧོ་མེ་ཎིས་ཨི་རན་ལ་ཁ་ཆེའི་གསར་བརྗེ་བསླངས་ནས་རྒྱལ་དར་གྱི་མཚོན་རྟགས་བསྒྱུར། ཨི་རན་གྱི་ལྟད་མོ་བ་ཁག་ཅིག་གིས་གསར་བརྗེའི་སྔོན་གྱི་རྒྱལ་དར་འཕྱར་ནས་རྩེད་ཐང་ལ་འཛུལ་གྲབས་བྱས་ཀྱང་སྒོ་འགྲམ་དུ་ནང་ལ་མ་བཏང་བར་བཀག དེང་སྐབས་ཨི་རན་རྒྱལ་ཡོངས་སུ་ཁ་ཆེའི་ཆོས་ལུགས་པ་ཚོས་སྲིད་དབང་འཛིན་པའི་ལམ་ལུགས་དེར་ངོ་རྒོལ་བྱས་ནས་ཟླ་བ་གཉིས་ལྷག་འགྲོ་བཞིན་ཡོད་ཅིང་། ཨི་རན་གྱི་རྐང་རྩེད་ལྒང་ལིའི་རུ་ཁག་གི་རྩེད་འགྲན་པ་ཚོས་མི་མང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐབས་སུ་ལག་གདང་སྦྲེལ་ནས་རྒྱལ་གླུ་མ་བཏང་བའམ། རྩེད་འགྲན་པ་ཁག་ཅིག་གིས་མཐེ་བོང་ཐུར་དུ་བསྟན། ཨི་རན་གྱི་བརྙན་འཕྲིན་ཁང་གིས་རང་གི་འགྲན་རྩེད་པ་ཚོས་རྒྱལ་གླུ་གཏོང་གི་མེད་པ་དང་མཐེ་བོང་ཐུར་དུ་བསྟན་པ། རྩེད་ཐང་ཕྱི་ལོགས་སུ་ཁ་ཆེའི་གསར་བརྗེ་སྔོན་གྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རྣམས་བཅད་དེ་གཅིག་ཀྱང་མ་བསྟན། ད་ལོ་ཨི་རན་གྱི་ཀུན་སྤྱོད་ཉེན་རྟོག་པ་ཚོས་ལོ་ན་༢༢་ལ་སོན་པའི་མ་ཤཱ་ཨ་མཱི་ཎི་ཞེས་པའི་ན་གཞོན་མ་ཞིག་བཀག་ཉར་བྱས་ཏེ་རྐྱེན་འདས་སུ་གྱུར་ནས་བཟུང་། ཨི་རན་གྱི་ཁ་ཆེའི་དབང་འཛིན་པ་ཚོར་བྱུང་མྱོང་མེད་པའི་ངོ་རྒོལ་ཆེན་པོ་ཞིག་ལངས། ཨི་རན་གཞུང་གིས་ན་གཞོན་ཚོས་འགོ་ཁྲིད་པའི་ངོ་རྒོལ་དེར་དྲག་གནོན་དང་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པ་ཚོར་སྲོག་ཁྲིམས་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཨི་རན་དང་ཨིང་ལན་ཌིའི་རུ་ཁག་གཉིས་ཀྱི་འགྲན་སྡུར་སྐབས་སུ་ཨི་རན་ལ་ཐོབ་མེད་པ་དང་ཨིང་ལན་ཌིའི་རུ་ཁག་གིས་ལྒང་ལི་རེ་རེ་བླུགས་རེ་བཞིན་དུ་ཨི་རན་གྱི་རྒྱལ་ས་ཐེ་རན་གྱི་ཚོང་ཁང་བདག་པོ་ཞིག་གིས་ལག་པ་གནམ་ལ་བརྐྱངས། ཁོ་པ་ཕྱི་ལོགས་ཀྱི་སྲང་ལམ་ནང་དུ་ཐོན་ཏེ་ཨིང་ལན་ཌིར་རྒྱབ་སྐྱོར་བྱས་ནས་དགའ་བསུ་ཞུས། ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་བ་ཁག་ཅིག་གིས་རྐང་རྩེད་ལྒང་ལིའི་རུ་ཁག་གི་རྩེད་འགྲན་པ་ཚོས་རང་གི་རྒྱལ་ཁབ་ཀྱི་རྒྱལ་གླུ་མ་བཏང་བར་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དེ་མགོ་རྟིང་སློག་འདོད་ཡོད་མཁན་ཚོའི་ཕྱོགས་སུ་ལངས་པར་མ་དགའ་བར་ཁ་རྡུང་བཏང་ཞིང་། ཨི་རན་གྱི་རྐང་རྩེད་ལྒང་ལིའི་རུ་ཁག་དེ་རྒྱལ་ཁབ་དེའི་སྤོབས་ངོམ་བྱེད་དགོས་པ་ཞིག་རུང་ཉམས་ཞིབ་པ་མང་ཆེ་བས་ཨི་རན་གྱི་རྩེད་འགྲན་པ་ཚོས་མི་མང་ངོ་རྒོལ་བ་ཚོར་གདུང་སེམས་མཉམ་སྐྱེད་དང་རྩེད་འགྲན་གྱི་གོ་སྐབས་བཟུང་ནས་སྲིད་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུ་ཡིན་མིན་གྱི་གླེང་སློང་ཤུགས་ཆེན་བྱུང་། ཨི་རན་གྱི་ངོ་རྒོལ་དེར་བུད་མེད་དང་བྱིས་པ། སྐྱེས་པ་བཅས་རྒན་གཞོན་བར་གསུམ་མཉམ་ཞུགས་བྱེད་ཀྱི་ཡོད་པས་ཨི་རན་གྱི་རྐང་རྩེད་ལྒང་ལིའི་རུ་ཁག་གི་རུ་དཔོན་ཧ་ཇ་ས་ཧྥིས་ང་ཚོ་མི་མང་ངོ་རྒོལ་བའི་ཕྱོགས་སུ་ལངས་ཡོད། ང་ཚོས་མི་མང་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཅེས་འཛམ་གླིང་རྐང་རྩེད་ལྒང་ལིའི་རྩེད་འགྲན་ཐོག་ཏུ་འཛེམ་ཟོན་མེད་པར་ལྟ་ཚུལ་བརྗོད། གསར་འགོད་པས་ཨི་རན་གྱི་རྩེད་འགྲན་པ་ཀ་རིམ་ཨན་ས་རི་ཧྥར་ཌ་དང་མོར་ཏེ་ཛ་པོ་ར་ལི་གྷན་ཇི་གཉིས་ལ་ཨི་རན་གྱི་བུད་མེད་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཡོད་དམ་ཞེས་དྲིས་ཀྱང་ལན་མ་བཏབ། རྩེད་འགྲན་པ་ཨ་ལི་རེ་ཛ་ཇཱ་ཧན་བྷག་ཤཱས་དྲི་བ་དེ་ཚོ་རིག་པ་སྒྲིམ་དུ་འཇུག་རྒྱུ་མིན་པའི་ཐབས་ཇུས་ཤིག་རེད་ཅེས་ལན་བཏབ་འདུག

ཕྱི་ཟླ་༡༡་པའི་ཚེས་༢༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་རན་གྱི་བུད་མེད་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཧན་གྷམ་མཱེ་གྷ་ཛི་ཡ་ཎི་དང་ཀ་ཏ་ཡུན་རི་ཡ་ཧི་གཉིས་ཀྱིས་མགོ་རས་མ་གྱོན་པར་མི་མང་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ནས་འཛིན་བཟུང་བྱས་ཤིང་། ཨི་རན་གཞུང་གིས་གློག་བརྙན་འཁྲབ་མཁན་བུད་མེད་དེ་དག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བྱ་རྒྱུའི་ཀུན་སློང་བཅངས་པ་དང་རྒྱལ་ཁབ་ལ་མི་དགའ་བའི་དྲིལ་བསྒྲགས་ངན་པ་བྱས་པ་རེད་ཅེས་ནག་ཉེས་བཙུགས། ཁ་སྔོན་གཟའ་ཉི་མའི་ཉིན་ལོ་ན་༥༢་ལ་སོན་པའི་གློག་བརྙན་འཁྲབ་མཁན་གྷ་ཛི་ཡ་ཎིས་མགོ་རས་མ་གྱོན་པར་སྤྱི་དམངས་རྐང་ལམ་ཞིག་གི་སྟེང་དུ་ལངས། ཁོ་མོས་བརྙན་འཕྲིན་པར་ཆས་ནང་དུ་བལྟས་ནས་མགོ་སྐྲ་རྒྱབ་ཏུ་བསྡམས་པའི་བརྙན་ཐུང་ཞིག་བླངས་ཏེ་དྲྭ་ལམ་དུ་བཀྲམ། གྷ་ཛི་ཡ་ཎིས་འདི་ནི་ངས་དྲྭ་ལམ་དུ་གནས་ཚུལ་སྤེལ་བ་མཐའ་མ་དེ་ཡིན་སྲིད། ད་ནས་ང་ལ་ཅི་ཞིག་བྱུང་ཡང་ཁྱད་པར་མེད། ང་ནི་མ་ཤི་བར་དུ་ཨི་རན་མི་དམངས་ཀྱི་ཕྱོགས་སུ་ལངས་ཡོད་ཅེས་མཆན་བྲིས། དེ་བཞིན་ལོ་ན་༦༠་ཐམ་པར་སོན་པའི་ཨི་རན་གྱི་གློག་བརྙན་འཁྲབ་མཁན་རི་ཡ་ཧིས་ཀྱང་ཨི་རན་གཞུང་གིས་མི་མང་ངོ་རྒོལ་བ་ཚོར་ཚབས་ཆེའི་དྲག་གནོན་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཐུང་ཞིག་སྤེལ། ཁོ་མོས་ཁྱེད་ཚོས་ཨི་རན་གྱི་ན་གཞོན་དང་བྱིས་པ་ཚོར་ཅི་ཞིག་འབྱུང་གི་ཡོད་པ་མི་མཐོང་ངམ། སློབ་གྲྭའི་ནང་དུ་བྱིས་པ་ཚོར་རྡུང་རྡེག་དང་འདྲི་གཅོད། མནར་གཅོད་གཏོང་གི་ཡོད་པ་རེད་ཅེས་མཆན་བྲིས་ནས་ཨི་རན་གཞུང་ལ་ངོ་རྒོལ་བྱས་པ་དང་ཨི་རན་གྱི་ཀུན་སྤྱོད་ཁྲིམས་ལུགས་སུ་བུད་མེད་ཚོས་ངེས་པར་དུ་མགོ་རས་གྱོན་དགོས་ཞེས་འཁོད།།

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཨི་རན་གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༡་པའི་མགོ་སྟོད་བར་དུ་ཨི་རན་གཞུང་གིས་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་མི་༣༢༨་བསད་པ་དང་མི་༡༤༨༢༥་འཛིན་བཟུང་བྱས་འདུག ཨལ་ཇཱེ་ཛི་ར་གསར་འགྱུར་ལས་ཁང་གིས་ཨི་རན་གཞུང་ནས་མི་མང་ངོ་རྒོལ་ལས་འགུལ་བ་༡༥༠༠༠་ལྷག་བཀག་ཉར་བྱས་པ་དང་ཨི་རན་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༢༩༠་ཡོད་པ་དེ་དག་གི་གྲས་ཀྱི་འཐུས་མི་༢༢༧་གྱིས་ངོ་རྒོལ་བ་ཚོས་ལྷ་ལ་གྱེན་ལོག་བྱེད་ཀྱི་ཡོད་པ་རེད། ཁོ་ཚོར་སྣ་སུན་ཕོག་པ་དང་གཞན་ལ་མིག་དཔེར་འོས་པའི་ཁྲིམས་གཅོད་ནན་མོ་བྱ་དགོས་ཞེས་ཐུན་མོང་གི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད། ཨི་རན་གྱི་ཛ་དྲག་ལས་དོན་ཁང་གི་འགན་འཛིན་ཨ་ལི་ཝ་ཛས་ང་ཚོས་སྔོན་གྱི་ཉམས་མྱོང་ལ་གཞིགས་ན་ཨི་རན་གཞུང་གིས་མི་མང་ངོ་རྒོལ་བ་ཚང་མ་གསོད་མི་ཐུབ། ཁོ་ཚོས་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་པ་ཁག་ཅིག་ལ་སྲོག་ཁྲིམས་བཅད་ནས་གསོད་ཤས་ཆེ་ཞེས་ཝོཀ་སི་གསར་ཁང་ལ་གློག་འཕྲིན་བཏང་འདུག བདུན་ཕྲག་སྔོན་མར་ནེའུ་ཡོཀ་དུས་བབ་ཚོགས་པར་ལ་ཨི་རན་གཞུང་གིས་མི་མང་ངོ་རྒོལ་བ་༣༠༠་ལྷག་བསད་པ་དེ་དག་གི་གྲས་སུ་ལོ་༡༨་མན་ཆད་ཀྱི་བྱིས་པ་༥༠་ལྷག་འདུག ཨི་རན་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་ཁག་དང་གསར་འགོད་པ་ཚོ་བཀག་སྡོམ་བྱས་ཡོད་པས་མི་མང་ངོ་རྒོལ་བ་ཅི་ཙམ་ལ་བསད་རྨས་བྱུང་ཡོད་མེད་དང་མི་གྲངས་ཅི་ཙམ་འཛིན་བཟུང་བྱས་ཡོད་མེད་ཏག་ཏག་ཅིག་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་འདུག ད་སྔ་ཨི་རན་གཞུང་གིས་ངོ་རྒོལ་བ་ལྔ་ལ་སྲོག་ཁྲིམས་བཅད་ནས་གསོད་རྒྱུའི་ཐག་གཅོད་བྱས་འདུག་ཅེས་གནས་ཚུལ་ཐོན།།

ཨི་རན་གཞུང་གིས་མི་མང་ངོ་རྒོལ་བ་ཚོར་མཆི་བྱིན་དུག་རླངས་དང་ལྕགས་མདེལ། འགྱིག་མདེལ་གྱི་མེ་མདའ་བརྒྱབ། ན་གཞོན་འདས་པོ་འགའ་ཞིག་གི་ཕུང་པོའི་ཐོག་ཏུ་མགོ་ལ་རྨས་སྐྱོན་ཆེན་པོ་ཕོག་པའི་རྨ་ཁ་ཐོན། ཨི་རན་གཞུང་གིས་མི་ལ་དབྱེ་འབྱེད་མེད་པར་དྲག་གནོན་བྱས་ནས་དམར་གསོད་བྱེད་ཀྱི་ཡོད་པས་མི་མང་གི་ངོ་རྒོལ་ལས་འགུལ་སྔར་ལས་ངར་ཤུགས་ཆེ་རུ་སོང་སྟེ་སྲིད་དབང་སྒེར་གཅོད་པ་ཤི་བར་ཤོག སྲིད་གཞུང་མགོ་རྟིག་བསློགས་ནས་གསར་པ་ཞིག་འཛུགས་དགོས་ཞེས་འབོད་ཚིག་བསྒྲགས། ཨེ་ཊི་ལན་ཊིཀ་ལྷན་ཚོགས་ཀྱི་ཉམས་ཞིབ་པ་བྷོར་ཛུ་ཌ་ར་གྷ་ཧི་ཟེར་བ་ཞིག་གིས་དྲག་ཟིང་དེ་སྡུག་ཏུ་འགྲོ་ས་རེད། ཨི་རན་གྱི་དབང་འཛིན་པ་ཚོའི་བསམ་བློའི་ནང་དུ་དཀོན་མཆོག་གི་བཀའ་དགོངས་སྒྲུབ་ཀྱི་ཡོད་བསམས་འདུག ཁོ་ཚོས་དྲག་གནོན་གྱི་ལས་ཐབས་ཡོད་ཚད་ལག་ལེན་བསྟར་ངེས་རེད། འདི་ནི་ཧ་ཅང་གི་སེམས་འགུལ་ཐེབས་པའི་ལས་འགུལ་ཞིག་ཡིན་པ་དང་རྒྱལ་སྤྱིའི་ཐོག་ཏུ་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ལས་འགུལ་འདི་འདྲ་ཞིག་བྱུང་མྱོང་ཨེ་ཡོད་སྙམ། ཨི་རན་གྱི་སྐྱེས་པ་ཚོས་བུད་མེད་དང་བུ་མོ་སློབ་ཕྲུག་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། བུད་མེད་ཚོས་མགོ་རས་བཤུས་ནས་མེར་བསྲེགས་བཏང་ན་ཐམས་ཅད་ཀྱིས་དགའ་བསུ་ཞུ་ཡི་འདུག་ཅེས་བསྟན། ཨི་རན་གྱི་སྤྱི་ཚོགས་སུ་བུད་མེད་ལ་ཐོབ་ཐང་ཆུང་བ་དང་སྤྱི་དམངས་གྲལ་རིམ་གཉིས་པ་ལྟ་བུ་ཞིག་ཏུ་རྩི་བཞིན་ཡོད་པས་ངོ་རྒོལ་འདི་ཨི་རན་གྱི་བུད་མེད་ཚོས་འགོ་ཁྲིད་པའི་ངོ་རྒོལ་ལས་འགུལ་གྱི་ངོ་བོ་ཞིག་ཏུ་གྱུར། ཨི་རན་གྱི་ན་གཞོན་མ་ཚོས་ཉིན་ལྟར་གཞུང་གི་ཀུན་སྤྱོད་བཅའ་ཁྲིམས་ལ་འགལ་འཛོལ་བྱས་ནས་མང་ཚོགས་ཀྱི་གྲས་སུ་མགོ་རས་མ་གྱོན། ཁོ་ཚོར་མགོ་རས་གྱོན་ནས་སྐྲ་དགབ་དགོས་ཟེར་ན་ཁ་ལན་བསློགས་ཏེ་ཨི་རན་གྱི་བུད་མེད་ཀུན་སྤྱོད་ཉེན་རྟོག་པས་བཅུན་མ་ཐུབ། དེར་བརྟེན་ཨི་རན་གཞུང་གིས་གསར་བརྗེའི་དྲག་ཆས་ཉེན་རྟོག་པ་བཏང་ནས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་བྱ་རྒྱུ་མགོ་བརྩམས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG